མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་གཞུང་དོན་ཁང་གིས་ཆེད་དོན་ལྟ་སྐུལ་མཛུབ་
ཁྲིད་ཚོགས་ཆུང་ལྔས་ཞིང་ཆེན་དང་རང་སྐྱོང་ལྗོངས་10རུ་འཚོ་བཅུད་ལྡན་
པའི་ཟས་རིགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། ད་ཐེངས་ལྟ་སྐུལ་མཛུབ་ཁྲིད་ཀྱི་གཙོ་གནད་ནི་ས་གནས་ཁག་གི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞིའི་ཚོད་ལྟའི་ལས་དོན་སྤེལ་ཚུལ་དང་། ལྟོ་ཆས་མཁོ་འདོན་དོ་དམ། ཟ་ཁང་འཛུགས་སྐྲུན། མ་དངུལ་བེད་སྤྱོད་དོ་དམ། ཆ་འཕྲིན་ཡོངས་བསྒྲགས་དང་སྤྱི་བསྒྲགས། དྲིལ་བསྒྲགས་སློབ་གསོ་བཅས་དང་དེ་བཞིན་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་རྫོང་ཡོངས་སུ་ཁྱབ་པའི་ལས་ཀའི་འཕེལ་རིམ་གནས་ཚུལ་སོགས་ཕྱོགས་བདུན་གྱི་ནང་དོན་24ཡོད་པ་དེའི་དམིགས་ཡུལ་ནི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་ལེན་བསྟར་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ནས་འབྲེལ་ཡོད་ཞིང་ཆེན་(རང་སྐྱོང་ལྗོངས)ཁག་གི་འཚོ་བཅུད་ལེགས་གཏོང་འཆར་གཞིར་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་ཡོངས་སུ་ཁྱབ་རྒྱུའི་ལས་དོན་ཁག་ལ་ལྟ་སྐུལ་བྱས་ཏེ་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞི་འོས་འཚམ་དང་གོ་རིམ་ལྡན་པའི་སྒོ་ནས་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱ་ཆེད་ཡིན་པ་རེད།
          《བརྡ་ཐོའི་》ནང་ས་གནས་ཁག་གིས་སྒྲིག་འཛུགས་ནན་པོ་བྱས་ནས་རང་བཤེར་བྱེད་པ་དང་། དུས་ཐོག་ཏུ་ས་ཁུལ་དེ་གའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ལས་དོན་སྤེལ་ཚུལ་གསེད་དཀྲོལ་དང་ཕྱོགས་སྡོམ་བྱས་ནས་གནད་དོན་དང་མི་འདང་བའི་ཆ་ནན་ཏན་ངང་བཙལ་འཚོལ་བྱས་ཏེ་དག་ཐེར་ཧུར་ཐག་བྱེད་དགོས་པ་དང་། ས་གནས་ཁག་གིས་རང་བཤེར་བྱེད་པའི་རྨང་གཞིའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་སྒྲིག་འཛུགས་བྱས་ནས་ཧོ་པེ་དང་། ཧྲན་ཤིས། ནང་སོག ཅི་ལིན། ཧེ་ལུང་ཅང་། ཨན་ཧུའེ། ཅང་ཤིས། ཧོ་ནན། ཧུའུ་ནན། ཧའེ་ནན་སོགས་ཞིང་ཆེན་(རང་སྐྱོང་ལྗོངས)10རུ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་གོང་གསལ་གྱི་ཞིང་ཆེན་གྱིས་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུར་ལྟ་སྐུལ་བྱས་ནས་2017ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་དུས་སུ་འཚོ་བཅུད་ལེགས་གཏོང་འཆར་གཞི་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་ཚང་མར་ཁྱབ་པ་བྱ་རྒྱུའི་འགན་ལེན་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ལས་དོན་མཇུག་སྒྲིལ་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས་སྤྱི་ཚོགས་སུ་རྒྱལ་ཁབ་ཀྱི་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་ཡོངས་བསྒྲགས་བྱ་རྒྱུ་དང་། ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ཁྲོད་ཤེས་རྟོགས་ཐུབ་པའི་གནད་དོན་ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར་ཡི་གེ་བཟོས་ཏེ་འབྲེལ་ཡོད་ཞིང་ཆེན་གྱིས་དུས་ཐོག་ཏུ་དག་ཐེར་བྱ་རྒྱུར་ལྟ་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)29ཡི་རྫོང་1590ཡིས་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞི་ལག་ལེན་བསྟར་ཡོད་པ་དང་སློབ་གྲྭ་ཁྲི་13.4ལ་ཁྱབ་ནས་ཕན་པ་ཐོབ་མཁན་སློབ་མའི་མི་གྲངས་ཁྲི་3600ཟིན་ཡོད། འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཚོད་ལྟའི་ས་ཁུལ་དུ་གྲོང་གསེབ་ཀྱི་སློབ་མ་སློབ་གྲྭར་སྐྱོད་སྐབས་གྲོད་པ་མི་རྒྱགས་པ་དང་ཁ་ལག་གྲང་མོ་ཟ་བའི་སྣང་ཚུལ་སྤྱིའི་ཆ་ནས་མེད་པ་བཟོས་པ་དང་སློབ་མའི་འཚོ་བཅུད་རིམ་བཞིན་ལེགས་སུ་ཕྱིན་པ་དང་གཟུགས་པོའི་བྱང་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད།