མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་དང་མཇལ་འཛོམས་གནང་བ་རེད།
          ཞི་ཕིན་ཕིང་གིས་ལེ་ཝུན་ཀྲུང་གོར་དབྱར་དུས་ཀྱི་ཏ་ཨའོ་སི་གླེང་སྟེགས་ལ་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་སུའེ་ཏེན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་མཁན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཨང་དང་པོ་དེ་རེད། ཀྲུང་གོ་དང་སུའེ་ཏེན་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། རྒྱུན་མཐུད་ཆོག་པ་བཅས་འཛུགས་རྒྱུ་ནི་ང་ཚོ་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཚམ་པ་མ་ཟད། ཀྲུང་གོ་དང་ཡོ་རོབ་བྱང་མའི་དབར་གྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཕན་ཐོགས་ཡོད། དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་མུ་མཐུད་དེ་མིག་རྒྱང་རིང་པོའི་ཐོག་ནས་ཀྲུང་གོ་དང་སུའེ་ཏེན་དབར་གྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་གསར་གཏོད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་ཏུ་མཉམ་ལས་བྱས་ཏེ་ཀྲུང་གོ་དང་སུའེ་ཏེན་དབར་གྱི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཏེན་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ལྟ་སྟངས་འཛིན་པའི་རྩ་དོན་གྱི་རྨང་གཞིའི་ཐོག་གླེང་མོལ་སྤེལ་རེས་བྱས་ཏེ་ཕན་ཚུན་ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་འདོད་ཡོད། སུའེ་ཏེན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་སྤྱི་ཚོགས་ཀྱི་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱས་ནས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་ལྟ་རྟོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ལེ་ཝུན་གྱིས“6·24”མའོ་རྫོང་དུ་རི་ཉིལ་བའི་གནོད་འཚེ་ཚབས་ཆེན་བྱུང་བར་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་ཞུས་ཤིང་། ལེ་ཝུན་གྱིས་སུའེ་ཏེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་ཡུན་རིང་མཛའ་མཐུན་ཟབ་མོ་ཡོད་པས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གལ་ཆེན་ཁྲོད་ཀྱི་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ལ་སུའེ་ཏེན་ཕྱོགས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཀྲུང་གོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་ཕྱོགས་མང་པོའི་སྒྲོམ་གཞིའི་ནང་གི་མཉམ་ལས་ལའང་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།