མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ལི་ཤིས་པི་ལའེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥིན་ལན་གྱི་ཙུང་ལི་ཤིས་པི་ལའེ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཤིས་པི་ལའེ་ཀྲུང་གོར་ཕེབས་ནས་དབྱར་དུས་ཀྱི་ཏ་ཨའོ་སི་གླེང་སྟེགས་ནང་ཞུགས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་འདི་ལོའི་ཟླ་4པར་ངས་ཧྥིན་ལན་དུ་རྒྱལ་དོན་འཚམས་འདྲི་ཞུ་རིང་རྒྱལ་ཁབ་གཉིས་པོས་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པ་འཛུགས་རྒྱུ་དངོས་སུ་ཁས་ལེན་བྱས་པ་དེ་ནི་ཀྲུང་གོ་དང་ཧྥིན་ལན་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་མཐུད་བྱས་པ་ཞིག་ཡིན་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་དང་ཕུགས་ཡུན་རང་བཞིན་གྱི་འཆར་འགོད་ཅིག་དེ་བས་ཡིན། དེང་སྐབས་ཀྱི་དུས་བབ་འོག་ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་དང་མཉམ་དུ་མུ་མཐུད་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཐོག་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང“ཧྥིན་ལན་གྱི་2025ལོའི་འཕེལ་རྒྱས་འདུན་པ”སྦྲེལ་མཐུད་བྱ་རྒྱུར་གཙོ་གནད་དུ་སྐུལ་འདེད་བཏང་ནས་གློག་རྡུལ་འཕྲིན་གཏོང་དང་། རིག་ནུས་བཟོ་སྐྲུན། སྐྱེ་དངོས་དཔལ་འབྱོར། ཁོར་ཡུག་སྲུང་སྐྱོང་ལག་རྩལ། ནུས་རྒྱུ་བསྲི་ཚགས་བཟོ་སྐྲུན། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་སུ་དཔེ་སྟོན་རང་བཞིན་གྱི་མཉམ་ལས་རྣམ་གྲངས་དེ་བས་མང་བ་སྐྲུན་དགོས་ཞེས་བསྟན་གནང་བ་རེད།
          ཤིས་པི་ལའེ་ཡིས“6·24”ཡི་མའོ་རྫོང་གི་ཚབས་ཆེའི་རི་ཉིལ་བའི་གནོད་འཚེ་ཐོན་པར་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་གནང་བ་དང་ཁོང་གིས་ཧྥིན་ལན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་དེ་ལྟ་བུ་ཕྱིན་པར་བློ་ཡིད་ཚིམ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདི་ལོའི་ཟླ་4པར་ཧྥིན་ལན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ལམ་ལྷོངས་བྱུང་བ་དང་དེ་ལས་ཧྥིན་ལན་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་གསར་པ་ཞིག་ཏུ་རིམ་སྤོར་ཐུབ་རྒྱུ་རེད། ཧྥིན་ལན་གྱིས་ཀྲུང་གོ་ཕྱོགས་དང་མ་འཇོག་དང་ཁོར་ཡུག་སོགས་ཀྱི་ཁྱབ་ཁོངས་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་བྱེད་ཁྱོན་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།