མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་
ཚོགས་འདུ་ཐེངས་སོ་དྲུག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་དྲུག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་བརྒྱུད་རིམ་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་གཙིགས་ཆེན་བྱ་རྒྱུ་དེ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ནང་གནས་ཀྱི་བླང་བྱ་ཡིན་ལ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡང་ཡིན། སྒྱུར་བཅོས་ཇི་ཙམ་གྱིས་ཟབ་ཏུ་ཕྱིན་པ་དེ་ཙམ་གྱིས་མཐུན་སྦྱོར་ཐད་དེ་བས་དོ་སྣང་བྱས་ཏེ་སྒྱུར་བཅོས་ཇུས་གཞིའི་མཐུན་སྦྱོར་ལ་དམ་འཛིན་བྱེད་དགོས་ལ་སྒྱུར་བཅོས་དོན་འཁྱོལ་གྱི་མཐུན་སྦྱོར་ལའང་དམ་འཛིན་བྱེད་དགོས་པ་མ་ཟད། སྒྱུར་བཅོས་ཕན་འབྲས་ཀྱི་མཐུན་སྦྱོར་ལ་དེ་བས་དམ་འཛིན་བྱས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་བརྒྱུད་རིམ་ཐད་ཕན་ཚུན་སྐུལ་འདེད། སྒྱུར་བཅོས་ཕན་འབྲས་ཐད་ཕན་ཚུན་སྤེལ་རེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་སྤྱིའི་དམིགས་ཚད་ཀྱི་ཕྱོགས་སུ་གཅིག་སྡུད་ཤུགས་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་ཡོད་པ་རེད།
        ཚོགས་འདུའི་ཐོག་《མདོ་ལ་རི་བོའི་རྒྱལ་སྤྱིའི་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ཇུས་གཞི་》དང་། 《ཀྲུང་དབྱང་ཁེ་ལས་ཀྱི་ཀུང་སིའི་ལམ་ལུགས་ཀྱི་སྒྱུར་བཅོས་ལས་དོན་གྱི་ལག་བསྟར་ཇུས་གཞི》 《ས་ཁུལ་ཐོན་སྐྱེད་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་ཀྱི་སྒྱུར་བཅོས་ཇུས་གཞི》 《བསྡོམས་རྩིས་ཐད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་འགན་འཁུར་བར་ཆད་པ་གཅོད་པའི་གྲོས་འགོའི་བྱེད་ཐབས》 《ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་སྟོན་ཚོགས་ཀྱི་སྤྱིའི་ཇུས་གཞི》 《མངའ་ཁོངས་ཕྱིའི་ཁེ་ལས་དང་ཕྱི་ཕྱོགས་མ་འཇོག་བདེ་འཇགས་ལས་དོན་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《རྒྱལ་ཡོངས་དང་ས་གནས་ཀྱི་རྒྱུ་ནོར་བུན་ཟུག་རེའུ་མིག་བཟོ་རྒྱུའི་ལས་ཀའི་ཇུས་གཞི》 《ཧང་ཀྲོའུ་རུ་དྲ་སྦྲེལ་ཁྲིམས་ཁང་འཛུགས་རྒྱུའི་སྐོར་གྱི་ཇུས་གཞི》 《འགོ་ཁྲིད་ལས་བྱེད་པ་ལས་བྲལ་བྱེད་སྐབས་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལ་ཞིབ་རྩིས་བྱེད་པའི་གནས་སྐབས་གཏན་འབེབས》 《རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ཚོད་ལྟའི་ཁུལ་(ཅང་ཤིས)གྱི་ལག་བསྟར་ཇུས་གཞི》 《རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ཚོད་ལྟའི་ཁུལ་(ཀུའེ་ཀྲོའུ)གྱི་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱས་ཤིང་། ཚོགས་འདུའི་ཐོག་ད་དུང་《རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ཚོད་ལྟ་ཁུལ་(ཕུའུ་ཅན)བསྐྲུན་རྒྱུར་སྐུལ་འདེད་གཏོང་ཚུལ་གྱི་སྙན་ཞུ་》དང་《ཀྲུང་གོ་(ཀོང་ཏུང)དང་། ཀྲུང་གོ(ཐེན་ཅིན) ཀྲུང་གོ་(ཕུའུ་ཅན)བཅས་ཀྱི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་བསྐྲུན་ཏེ་ལོ་གཉིས་ཕྱིན་ཚུན་གྱི་འཕེལ་རྒྱས་གནས་ཚུལ་ཕྱོགས་སྡོམ་སྙན་ཞུར་》གྲོས་ཞིབ་བྱས་པ་རེད།