མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་2017ལོའི“གསར་གཏོད་ཚོགས་པའི་འཕེལ་རྒྱས་འཆར་འགོད”ཀྱི་རིམ་
འདེད་རྒྱབ་སྐྱོར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུས་བརྡ་ཐོ་བཏང་ནས་2017ལོའི་སློབ་གསོ་པུའི“གསར་གཏོད་ཚོགས་པའི་འཕེལ་རྒྱས་འཆར་འགོད”ཀྱི་རིམ་འདེད་རྒྱབ་སྐྱོར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། མཐོ་སློབ་ཀྱིས་འོས་སྦྱོར་བྱས་པ་དང་རིགས་གཅིག་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད་ཀྲུའུ་མན་ཀྲོའུ་སོགས་སློབ་གསོ་པུའི་གྲུབ་འབྲས་མངོན་གསལ་དོད་པའི་གསར་གཏོད་ཚོགས་པ་113ཚུད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “གསར་གཏོད་ཚོགས་པའི་འཕེལ་རྒྱས་འཆར་འགོད”ཀྱི་དམིགས་ཡུལ་ནི། ཕུལ་བྱུང་གི་གསར་གཏོད་ཚོགས་པར་སྔར་བས་རྒྱབ་སྐྱོར་བྱས་ནས་གསར་གཏོད་ཀྱི་ནུས་པ་མུ་མཐུད་མཐོ་རུ་གཏོང་བ་དང་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་སྐྱེད་སྲིང་བྱས་ཏེ་རྩེར་སོན་གྱི་རིག་ཚན་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་བྱ་རྒྱུ་དེ་ཡིན་ཞིང་། རིམ་འདེད་རྒྱབ་སྐྱོར་ཚོགས་པར་རོགས་དངུལ་སྤྲོད་པའི་དུས་བཀག་ནི་2018ལོའི་ཟླ་དང་པོ་ནས་2020ལོའི་ཟླ་12པའི་བར་ཡིན་པ་དང་ཁྱོན་འགྲོ་གྲོན་སྒོར་ཁྲི་300རོགས་སྐྱོར་བྱ་རྒྱུ་དང་། ཀྲུང་དབྱང་ཁོངས་གཏོགས་ཀྱི་མཐོ་སློབ་ལ་གཞི་རྩའི་ཚན་རིག་ཞིབ་འཇུག་ལས་སྒོའི་འགྲོ་གྲོན་དང་ཤེས་ལྡན་པ་སོགས་ལ་གཏོང་བའི་ཆེད་དངུལ་ནས་སྤྱི་འདོམས་བཀོད་སྒྲིག་དང་ས་གནས་ཁོངས་གཏོགས་ཀྱི་མཐོ་སློབ་དག་ལ་གཙོ་འགན་དོ་དམ་སྡེ་ཚན་དང་སློབ་གྲྭས་གཅིག་འདོམས་ངང་རྒྱབ་སྐྱོར་བྱ་རྒྱུ་རེད།
          སློབ་གསོ་པུས་འབྲེལ་ཡོད་མཐོ་སློབ་ཀྱིས་གསར་གཏོད་ཚོགས་པ་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཧུར་བརྩོན་ངང་མཐུན་རྐྱེན་བསྐྲུན་ཏེ་ཚོགས་པའི་འཕེལ་རྒྱས་གཏོང་གཞི་ཆེ་རུ་དང་། ཚོགས་པ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ། ཚོགས་པའི་བརྒྱུད་རིམ་དོ་དམ་ཚད་ལྡན་བཅས་སུ་བཏང་སྟེ། བརྡ་ཐོ་བཏང་ནས་ཟླ་བ་གསུམ་ནང་རིམ་འདེད་དུས་ཀྱི་འཛུགས་སྐྲུན་འཆར་གཞི་རྩོམ་འབྲི་བྱ་རྒྱུ་སྒྲིག་འཛུགས་བྱས་ནས། དམིགས་ཚད་སྔར་བས་མདོར་བསྡུས་ཁ་གསལ་དང་ལྟེ་བའི་ལས་འགན་ལ་དེ་བས་དམིགས་ཏེ་ལེགས་ཆའི་ཁྱད་ཆོས་མངོན་གསལ་དོད་པའི་སྒོ་ནས་ཕྱོགས་ཡོངས་ནས་གསར་གཏོད་ནུས་པ་མཐོ་རུ་གཏོང་དགོས་པ་དང་། ལོ་ཕྱེད་ནང་རིགས་གཅིག་མཁས་པ་སྒྲིག་འཛུགས་དང་རིགས་པས་ཁུངས་སྐྱེལ་ར་སྤྲོད་བྱས་ཏེ་རིམ་འདེད་ངང་རྒྱབ་སྐྱོར་བྱེད་པའི་ཚོགས་པས་རྒྱལ་སྤྱིའི་ཚན་རྩལ་མདུན་གྲལ་དང་རྒྱལ་ཁབ་ཀྱི་དགོས་མཁོ་ཆེ་ཤོས་ལ་དམིགས་ཏེ“ཁྲིད་སྟོན་དང་། མཉམ་འདྲེས། མཐུན་སྦྱོར། སྒོ་དབྱེའི”འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་ཀྱིས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་གལ་ཆེན་གྱི་ལས་འགན་ཧུར་ཐག་འཁུར་བ། རྒྱལ་སྤྱིའི་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་གྲུབ་འབྲས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་རིག་ཚན་འཕེལ་རྒྱས་དང་ཤེས་ལྡན་པ་གསོ་སྦྱོང་བྱ་རྒྱུར་འདེགས་སྐྱོར་བྱེད་པའི་ཐོག་ནས་ཁྱད་ཆོས་ལྡན་ལ་ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་ཞིག་ཧུར་ཐག་འཛུགས་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།