མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱ་གར་གྱི་གནས་མཇལ་བ་བོད་ལྗོངས་སུ་བགྲོད་ཚུལ་གནས་སྐབས་ནར་འགྱངས་བྱས་པའི་སྐོར་
ལ་ཕྱི་འབྲེལ་པུའུ་ཡིས་འགན་ཚང་མ་རྒྱ་གར་ཕྱོགས་ལ་ཡོད་ལུགས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱ་གར་གྱི་གནས་མཇལ་བ་བོད་ལྗོངས་སུ་བགྲོད་ཚུལ་གནས་སྐབས་ནར་འགྱངས་བྱས་པའི་སྐོར་
ལ་ཕྱི་འབྲེལ་པུའུ་ཡིས་འགན་ཚང་མ་རྒྱ་གར་ཕྱོགས་ལ་ཡོད་ལུགས་བརྗོད་པ།

       མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་28ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ལུའུ་ཁང་གིས་གསར་འགོད་པའི་འབྲེལ་ཡོད་དྲི་བར་ལན་འདེབས་དུས། རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་རྣ་ཐོས་ལ་བརྒྱུད་ནས་བོད་ལྗོངས་སུ་གནས་མཇལ་དུ་བགྲོད་པའི་ལམ་བུ་དུས་ནམ་ཞིག་ཡང་བསྐྱར་གློད་མིན་ནི་རྒྱ་གར་ཕྱོགས་ནས་དུས་ཐོག་ཏུ་ནོར་འཛོལ་ཡོ་བསྲང་ཐུབ་མིན་ལ་རག་ལས་ཡོད་ཅེས་བསྟན་པ་རེད།
       ལུའུ་ཁང་གིས་དུས་ཡུན་རིང་པོའི་ནང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་མཛའ་བརྩེའི་འབྲེལ་བའི་ཆེ་ཕྱོགས་ལ་གཞིགས་ནས་དཀའ་ངལ་ཁྱད་བསད་ངང་ལས་དོན་མང་པོ་ཞིག་བསྒྲུབས་ཏེ་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་བོད་ལྗོངས་སུ་གནས་མཇལ་དུ་བགྲོད་པར་སྟབས་བདེ་གང་ཡོང་བྱས་ཡོད་ཅེས་བརྗོད། 
        ཁོང་གིས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་ཐུན་མོང་ཐོག་ངོས་འཛིན་བྱུང་བར་གཞིགས་པ་མ་ཟད། ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་ལམ་དུམ་ནི་རྒྱལ་ཁབ་གཉིས་ཀྱི་ཁས་ལེན་པའི་མཐའ་མཚམས་ཀྱི་གནས་ཤིག་ཡིན་པའི་དོན་དངོས་རྨང་གཞིར་བྱས་ནས། ཀྲུང་གོ་ཕྱོགས་ནས་2015ལོར་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བར་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་འབྲས་ལྗོངས་ལམ་བར་གྱི་རྣ་ཐོས་ལ་བརྒྱུད་བོད་ལྗོངས་སུ་གནས་མཇལ་ཡོང་བའི་ལམ་བར་དུ་གཏོང་རྒྱུར་འཐད་པ་བྱུང་བ་ཡིན། ལམ་བར་དེའི་འདས་པའི་ལོ་གཉིས་རིང་གི་འགྲོ་འོང་ལ་བདེ་ལྷོང་ཆེན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ད་ལོ་ཡིན་རུང་། ལས་དོན་ཡག་པོར་བསྒྲུབ་རྒྱུའི་གྲ་སྒྲིག་བྱས་ཡོད། ང་ཚོས་རྒྱ་གར་ཕྱོགས་ལ་གནས་སྐབས་ནར་འགྱངས་ཀྱི་བཀོད་སྒྲིག་བྱེད་དོན་ནི་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་ལམ་བར་དུ་རྒྱ་གར་གྱི་མཐའ་སྲུང་མི་སྣས་ཁྲིམས་འགལ་ངང་རྒྱལ་ཁོངས་བརྒལ་བའི་ཤུགས་རྐྱེན་ངན་པ་ཐེབས་པའི་འཕྲལ་བསྟུན་བྱེད་ཐབས་ཡིན་ཞེས་གསལ་པོར་བཤད་ཡོད་ཅེས་བརྗོད་པ་རེད། 
       ལུའུ་ཁང་གིས། རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་བོད་ལྗོངས་སུ་གནས་མཇལ་དུ་ཡོང་བར་དགོས་ངེས་ཀྱི་གླེང་ཕྱོགས་དང་ཆ་རྐྱེན་དགོས། རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་དུས་ལྟར་རྣ་ཐོས་ལ་བརྒྱུད་དེ་བོད་ལྗོངས་སུ་གནས་མཇལ་དུ་བགྲོད་མ་ཐུབ་པའི་འགན་ནི་རྒྱ་གར་ཕྱོགས་ལ་ཡོད་པ་རེད། ལམ་བར་འདི་དུས་ནམ་ཞིག་ལ་སླར་གསོ་བྱེད་མིན་ནི་གཙོ་བོ་རྒྱ་གར་ཕྱོགས་ཀྱིས་དུས་ནམ་ཞིག་ནོར་འཛོལ་ཡོ་བསྲང་བྱེད་མིན་ལ་རག་ལས་ཡོད་པ་རེད་ཅེས་ནན་བཤད་བྱས་པ་རེད།
        དེ་སྔོན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པས། རྒྱ་གར་གྱི་མཐའ་སྲུང་མི་སྣས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་ལམ་བར་དུ་རྒྱལ་ཁོངས་བརྒལ་ནས་ཀྲུང་གོའི་མངའ་ཁོངས་སུ་སླེབས་པ་དང་། ཀྲུང་གོའི་མཐའ་སྲུང་མི་སྣས་གདོང་ནང་ས་ཁུལ་དུ་ཁྲིམས་མཐུན་བྱ་སྤྱོད་སྤེལ་བར་བཀག་འགོག་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཁ་གཏད་འཇལ་ཐབས་སྤེལ་ཡོད་པ་དང་། བདེ་འཇགས་ལ་གཞིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་རྣ་ཐོས་ལའི་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་ཀྲུང་གོའི་བོད་ལྗོངས་སུ་ཡོང་བའི་འགག་སྒོ་རྒྱག་མཚམས་མི་འཇོག་ཐབས་མེད་ཡིན་པ་མ་ཟད། ཕྱི་འབྲེལ་ལས་རིམ་བརྒྱུད་ནས་རྒྱ་གར་ཕྱོགས་ལ་བརྡ་ཐོ་བཏང་ཡོད་ཅེས་བསྟན་པ་རེད།