མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གཞི་རྩའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་
བྱེད་སྟངས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་
ཁྲིད་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གཞི་རྩའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་གོམ་སྟབས་རྗེས་མར་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་པ་རེད།
          《བསམ་འཆར་》ནང་2017ལོ་ནས་བཟུང་སྨན་བཅོས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ནད་རིགས་ལ་གཞིགས་ནས་གྲོན་བསྡུ་གཙོ་བོར་བྱེད་པའི་སྣེ་མང་མཉམ་འདུས་རྣམ་པའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་དགོས། 2020ལོར་སླེབས་སྐབས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་དེ་སྨན་བཅོས་སྒྲིག་གཞི་དང་སྨན་བཅོས་ཞབས་ཞུ་ཡོངས་ལ་ཁྱབ་པ་བྱས་ཏེ་རྣམ་གྲངས་གཞིར་བཟུང་གྲོན་བསྡུ་བྱེད་པའི་བསྡུར་གྲངས་བཟུང་ཚད་མངོན་གསལ་དོད་པོས་ཆག་པ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
          《བསམ་འཆར་》ནང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ནི་གཞི་རྩའི་སྨན་བཅོས་འགན་བཅོལ་དོ་དམ་དང་སྨན་བཅོས་སྒྱུར་བཅོས་ཟབ་གཏོང་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ། སྨན་བཅོས་ཞབས་ཞུ་ལེགས་གཏོང་དང་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལ་མཛུབ་ཁྲིད་བྱེད་པའི་འདེགས་ཤིང་ཞིག་ཀྱང་ཡིན། རེས་སྐོར་གསར་པའི་སྨན་བཅོས་སྒྱུར་བཅོས་བྱས་ཚུན། ས་ཁུལ་ཁག་གིས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་འགན་ཞུགས་མི་སྣའི་ཁེ་དབང་འགན་ལེན་བྱེད་པ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལུགས་དང་མི་མཐུན་པའི་འགྲོ་སོང་ཚོད་འཛིན་བྱེད་པའི་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་མོད། འོན་ཀྱང་སྨན་བཅོས་ཞབས་ཞུའི་མཁོ་སྤྲོད་ཕྱོགས་གཉིས་ཀ་དང་ལྷག་པར་དུ་འདོན་སྤྲོད་ཕྱོགས་ལ་སྨན་བཅོས་འགན་བཅོལ་གྱི་ཁྲིད་སྟོན་ཚོད་འཛིན་ནུས་པ་ནུས་ལྡན་ངང་འདོན་སྤེལ་ཐུབ་མེད། འགན་ཞུགས་མི་སྣའི་ཁེ་དབང་འགན་ལེན་དེ་བས་ཡག་པོ་བྱེད་པ་དང་། སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ལུགས་དང་མི་མཐུན་པའི་སྨན་བཅོས་འགྲོ་གྲོན་མང་དུ་འགྲོ་ཚུལ་ཚོད་འཛིན་བཅས་བྱས་ཏེ་སྨན་བཅོས་སྒྱུར་བཅོས་ནང་སྨན་བཅོས་འགན་བཅོལ་གྱིས་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།
          《བསམ་འཆར་》ནང་སྨན་བཅོས་ཞབས་ཞུའི་ཁྱད་ཆོས་མི་འདྲ་བར་དམིགས་ཏེ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་རིགས་དབྱེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཤིང་། ནད་སྡོད་སྨན་བཅོས་ཞབས་ཞུར་གཙོ་བོ་ནད་རིགས་དང་ན་ཚའི་ནད་རྟགས་ཀྱི་འབྲེལ་ཡོད་རིགས་དབྱེ་གཞིར་བཟུང་དངུལ་སྤྲོད་པ་དང་གཅོང་ནད་ནད་སྡོད་སྨན་བཅོས་ཞབས་ཞུ་ལ་ཉལ་ཁྲི་དང་ཉིན་གྲངས་གཞིར་བཟུང་དངུལ་སྤྲོད་པ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུར་མི་མགོ་གཞིར་བཟུང་དངུལ་སྤྲད་དེ་མི་མགོ་གཞིར་བཟུང་དངུལ་སྤྲོད་པ་དང་གཅོང་ནད་དོ་དམ་ཟུང་འབྲེལ་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པ། ཐུམ་རྒྱག་དངུལ་སྤྲོད་བྱེད་མི་བདེ་བའི་ནད་རྟགས་རྙོག་འཛིང་ཅན་དང་སྒོ་བསྟེན་སྨན་ཁང་གི་གྲོན་བསྡུར་རྣམ་གྲངས་གཞིར་བཟུང་དངུལ་སྤྲོད་པ་བཅས་བྱས་ཏེ་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་ཁྱད་ཆོས་དང་འཚམ་པའི་གཏོང་སྤྲོད་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། སྨན་བཅོས་བྱ་སྤྱོད་ལ་སྨན་བཅོས་འགན་བཅོལ་གྱིས་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་དོ་དམ་གྱི་གཙོ་གནད་དེ་སྨན་བཅོས་འགྲོ་གྲོན་ཚོད་འཛིན་ནས་སྨན་བཅོས་འགྲོ་གྲོན་དང་སྨན་བཅོས་སྤུས་ཚད་གཉིས་ཀ་ཚོད་འཛིན་བྱེད་པར་སྒྱུར་དགོས་ཞེས་བཏོན་ཡོད་པ་རེད།