མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐོན་ལས་ཅན་གྱི་འཕེལ་རྒྱས་རྣམ་གྲངས་རེ་ཞུའི་ལས་དོན་
སྤེལ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱ་ཆེད། རྒྱལ་ཁབ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཞུང་དོན་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་ནས་ཕྱི་ལོའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐོན་ལས་ཅན་འཕེལ་རྒྱས་ཀྱི་རྣམ་གྲངས་རེ་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
          བརྡ་ཐོའི་ནང་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་དང་ནོར་སྲིད་ཀྱི་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་དོ་དམ་དང་སྒྱུར་བཅོས་ཀྱི་བླང་བྱ་དང་བསྟུན་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ནོར་སྲིད་ཀྱི་སྐྱེད་གསབ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཞིང་འབྲེལ་ཁེ་ལས་ལ་ཐད་ཀར་ཁ་གསབ་རོགས་སྐྱོར་བྱེད་ཤུགས་རིམ་བཞིན་ཉུང་དུ་བཏང་ནས་དངུལ་རྩའི་སྒྲིག་གཞིའི་མཉམ་ལས་ལ་སྐུལ་མ་གཏོང་བ་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་འབྲིང་ཆུང་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཐོག་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་བཏོན་པ་རེད།
          བརྡ་ཐོའི་ནང་ས་ཆ་ཁག་གིས་ནོར་སྲིད་ཀྱི་ཁ་གསབ་རོགས་སྐྱོར་རྣམ་གྲངས་ཀྱི་གནད་སྨིན་རང་བཞིན་གོང་མཐོར་ཧུར་ཐག་བཏང་སྟེ་ནུས་ཆེའི་ཞིང་ལས་འདེབས་གསོའི་རྟེན་གཞི་འཛུགས་སྐྲུན་དང་། ཞིང་ལས་ལག་རྩལ་གསར་པ་དང་ས་བོན་གསར་པ་ནང་འདྲེན་དང་ཁྱབ་གདལ་གཏོང་བ། ཞིང་ལས་ཀྱི་སྙིགས་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པ་སོགས་ཀྱིས་ནང་དོན་གཙོ་བོ་བྱས་པའི་རྣམ་གྲངས་ལ་སྔོན་ལ་རོགས་སྐྱོར་བྱས་ནས་ཞིང་ལས་ཀྱི་ལེགས་ལྡན་ཁྱད་ལྡན་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་རོགས་སྐྱོར་ལྷུ་ཚིགས་དང་རྣམ་གྲངས་ཀྱི་གནད་སྨིན་རང་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
          བརྡ་ཐོའི་ནང་རེ་ཞུའི་རྣམ་གྲངས་ཀྱི་ཞིང་འབྲེལ་ཁེ་ལས་ལ་ཁེ་ལས་ཀྱི་ཁྲིམས་མིའི་ཐོབ་ཐང་ལྡན་དགོས་པ་མ་ཟད། གཉེར་སྐྱོང་དུས་ཡུན་ལོ་གཅིག་ཡན་ཟིན་དགོས་པ་དང་། གཉེར་སྐྱོང་གི་གཞི་ཁྱོན་དང་རྒྱུན་མཐུད་གཉེར་སྐྱོང་དོ་དམ་བྱེད་ནུས་ངེས་ཅན་ལྡན་དགོས་པ། རང་གྲབས་མ་དངུལ་དོན་འཁྱོལ་དང་རྣམ་གྲངས་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་ཡོད་པ། དཔེ་སྟོན་སྐུལ་ཁྲིད་ནུས་པ་ཆེ་བ། ཞིང་པའི་འབབ་འཕར་ལ་སྐུལ་ཁྲིད་དང་སྐུལ་འདེད་གཏོང་ཐུབ་པ། ཁ་དན་ཚིག་གནས་མིན་པའི་ཟིན་ཐོ་གང་ཡང་མེད་པ་བཅས་ཡིན་དགོས་པའི་གཏན་འབེབས་བྱས་པ་རེད།