མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།པུའུ་ཨུད་ལྔ་ཡིས་《རྒན་རྒོན་ལ་བསྙེན་བཀུར་ཞབས་ཞུའི་རྣམ་གྲངས་གཏན་འཁེལ་དང་ལག་
ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》མཉམ་དུ་ཁྱབ་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན་རྒྱལ་ཡོངས་ན་རྒན་ལས་དོན་ཨུ་ལྷན་གཞུང་ལས་ཁང་དང་། དམངས་སྲིད་པུའུ། སློབ་གསོ་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། རྒྱལ་ཁབ་འཆར་བཙའ་ཨུ་ལྷན་སོགས་པུའུ་ཨུད་ལྔ་ཡིས་མཉམ་དུ་《རྒན་རྒོན་ལ་བསྙེན་བཀུར་ཞབས་ཞུའི་རྣམ་གྲངས་གཏན་འཁེལ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》ཁྱབ་བསྒྲགས་བྱས་པ་རེད། 《བསམ་འཆར་》ནང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ལ་ལྕག་སྐུལ་བྱས་པར་བརྟེན་ནས་རྒན་རྒོན་ལ་རིན་མེད་ངང་གློག་རྡུལ་བདེ་ཐང་ཡིག་ཚགས་བཟོས་ནས་ལོ་ལྟར་ལོ་65དང་དེ་ཡན་གྱི་རྒན་རྒོན་ཚོར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་ཚུད་པའི་བདེ་ཐང་དོ་དམ་ཞབས་ཞུ་མཁོ་འདོན་བྱེད་པ་དང་། འབྲེལ་ཡོད་ལས་རིགས་སློབ་གླིང་དང་གསོ་སྦྱོང་སྒྲིག་གཞིས་རྒན་རྒོན་ལ་ཕྱོགས་པའི་གཡོག་བྱེད་སློབ་ཚན་འཚོག་པའམ་ཡང་ན་ཆེད་དོན་རྩལ་ནུས་གསོ་སྦྱོང་སྤེལ་རྒྱུར་ལྕག་སྐུལ་བྱེད་པ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ས་ཆ་གཞན་དུ་སྨན་བཅོས་དང་མཇུག་རྩིས་རྒྱག་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་སོགས་གསལ་པོར་འཁོད་ཡོད།
         《བསམ་འཆར་》ནང་སྤྱིའི་བླང་བྱ་དང་། ལས་འགན་གཙོ་བོ། སྒྲིག་འཛུགས་ལག་བསྟར་སོགས་ཕྱོགས་གསུམ་གྱི་ཐད་ནས་རྒན་རྒོན་ལ་བསྙེན་བཀུར་ཞབས་ཞུའི་ལས་དོན་བཀོད་སྒྲིག་བྱས་ཡོད། 《བསམ་འཆར་》ནང་རྒན་རྒོན་ལ་བསྙེན་བཀུར་ཞབས་ཞུའི་ལས་འགན་གཙོ་བོ་20གསལ་པོར་འཁོད་ཡོད་པའི་ནང་རྒན་རྒོན་གྱི་སྨན་བཅོས་དང་། བཟའ་བཅའ། སྡོད་ཁང་། བེད་སྤྱོད། རོལ་རྩེད་སོགས་ཕྱོགས་མང་པོ་ཚུད་ཡོད།
         གཞི་རྩའི་འཚོ་བའི་འགན་སྲུང་ཐད་《བསམ་འཆར་》ནང་འཁོད་དོན། དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ལོ་ན་མཐོ་བ་དང་རང་རྐྱ་མི་འཕེལ་བའི་རྒན་རྒོན་ལ་ཁ་གསབ་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་པ་དང་། རྒན་རྒོན་གྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཞབས་ཞུའི་ལས་རིགས་ཀྱིས་རྒན་རྒོན་ཚོར་སྔོན་དང་། སྟབས་བདེ། གཟིགས་སྐྱོང་བཅས་ཀྱི་ཞབས་ཞུ་མཁོ་འདོན་ལ་ལྕག་སྐུལ་བྱེད་པ། ཆེད་ལས་ཞབས་ཞུའི་སྒྲིག་གཞིར་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་མ་ཟད། རྩ་འཛུགས་དང་མི་སྒེར་གཞན་དག་གིས་ཁྱིམ་དུ་སྡོད་པའི་རྒན་རྒོན་གྱི་འཚོ་བར་ལྟ་རྟོག་དང་། སྨན་བཅོས་དང་ནད་གཡོག་རྒྱུག་པ། སེམས་གསོ་གཏོང་བ་སོགས་ཀྱི་ཞབས་འདེགས་ཞུ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་སྤྱི་ཚོགས་རྩ་འཛུགས་དང་འབྲེལ་ཡོད་སྒྲིག་གཞིས་རང་རྐྱ་མི་འཕེལ་བའི་རྒན་རྒོན་ལ་གནས་སྐབས་སམ་དུས་ཐུང་གི་གསོ་བའི་བསྙེན་བཀུར་ཞབས་ཞུ་མཁོ་འདོན་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ། གྲོང་ཁྱེར་ཆེ་གྲས་ཁ་ཤས་ཕུད་ལོ་80དང་དེ་ཡན་གྱི་རྒན་རྒོན་གྱིས་རང་མོས་ངང་བུ་ཕྲུག་སྡོད་སར་ཐེམ་ཐོ་བསྒྱུར་ཆོག་པ་དང་བཅའ་ཁྲིམས་དང་སྒྲིག་ཁྲིམས་གཞིར་བཟུང་ཐེམ་ཐོ་བསྒྱུར་སའི་ས་གནས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་སོགས་ལོངས་སྤྱོད་བྱེད་ཆོག་པ་སོགས་རེད།
         རྒན་རྒོན་ལ་འཚམ་པའི་ཞབས་ཞུའི་ཐད་《བསམ་འཆར་》ནང་འཁོད་དོན། རྒན་རྒོན་སེམས་གནས་པའི་སྡེ་ཁུལ་དང་རྒན་རྒོན་གྱི་མཛའ་མཐུན་གྲོང་ཁྱེར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། རྒན་རྒོན་གྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྤྱི་པའི་སྒྲིག་ཆས་སྒྱུར་བཀོད་དང་དར་སྤེལ་གཏོང་རིང་རྒན་རྒོན་འགྲོ་སྐྱོད་བྱེད་པའི་རམ་འདེགས་ཡོ་ཆས་འོས་འཚམ་སྒྲིག་སྦྱོར་བྱེད་དགོས། སྡེ་ཁུལ་དང་ཁྱིམ་ཚང་གི་རྒན་རྒོན་ལ་འཚམ་པའི་སྒྲིག་ཆས་སྒྱུར་བཀོད་ལ་ཤུགས་སྣོན་བརྒྱབ་ནས་རྒན་རྒོན་སྡོད་མང་བའི་ཁུལ་དུ་གློག་སྐས་སོགས་སྒྲིག་སྦྱོར་བྱས་ནས་སྔོན་དུ་རྒྱབ་སྐྱོར་བྱེད་དགོས།
          བཅའ་ཁྲིམས་ཞབས་ཞུའི་ཐད་《བསམ་འཆར་》ནང་འཁོད་དོན། རྒན་རྒོན་དབུལ་པོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ནས་གཏུག་བཤེར་བྱས་རིགས་ལ་བཅའ་ཁྲིམས་དང་སྒྲིག་ཁྲིམས་གཞིར་བཟུང་དེར་བཅའ་ཁྲིམས་ཀྱི་རོགས་སྐྱོར་དང་ཁྲིམས་འཛིན་གྱི་རོགས་སྐྱོབ་བྱེད་དགོས།