མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧྥི་ལི་ཕིན་
གྱི་ཙུང་ཐུང་ལ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བཙུགས་ནས་ལོ་50འཁོར་བར་
རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་10ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད། 
         ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཙུཌ་ནས་ལོ་50འཁོར་བའི་དུས་འདིར་ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུ་རྒྱུ་དང་འབྲེལ་རང་ཉིད་སྒེར་གྱི་མིང་ཐོག་ནས་ཁྱེད་དང་ཁྱེད་བརྒྱུད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
         ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་སོང་ཚུན་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་འབྲེལ་གཅིག་མཐུན་འདུས་གྲུབ་ཆགས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཆེད་གལ་ཆེའི་ནུས་པ་བཏོན་ཡོད་པས་འཛམ་གླིང་སྣེ་མང་ཅན་འཕེལ་རྒྱས་ཀྱི་མཚོན་བྱེད་རང་བཞིན་གྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བ་དང་། ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་མི་དམངས་ཆེད་བདེ་སྐྱིད་དེ་བས་མང་བ་སྐྲུན་པ་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
         1991ལོར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་འབྲེལ་བ་བཙུགས་ཚུན། མཉམ་ལས་དང་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་རྒྱུར་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་པས་དོན་གཉེར་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བ་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གླེང་མོལ་རོགས་ཟླའི་འབྲེལ་བའི་ཁྲོད་གསོན་ཤུགས་ལྡན་ཤོས་དང་ནང་དོན་ཕུན་སུམ་ཚོགས་ཤོས་ཀྱི་འབྲེལ་བ་ཞིག་ཏུ་གྱུར་ཡོད།
     ཀྲུང་གོས་མུ་མཐུད་མཛའ་མཐུན་ལྷག་བསམ་དང་གཉིས་ཕན་ཁོང་ཡངས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་2018ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཐབས་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ལོ་15འཁོར་བ་གོ་སྐབས་སུ་བཟུང་ནས་མིག་སྔ་དང་ཕུགས་ལ་དམིགས་ཏེ་འབྲེལ་བ་དམ་ཟབ་ལྡན་པའི་ཀྲུང་གོ་དང་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་པ་བྱས་ནས་དེ་ཉིད་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དཔེ་མཚོན་ཞིག་ཏུ་འགྱུར་བ་བྱེད་འདོད་ཡོད།