མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་
ཚོད་འཛིན། དངུལ་རྩ་སྒྱུར་བཅོས་ཟབ་གཏོང་བཅས་བྱས་ནས་དཔལ་འབྱོར་དང་དངུལ་
རྩ་འཁོར་རྒྱུག་བཟང་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་
འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་
ཚོད་འཛིན། དངུལ་རྩ་སྒྱུར་བཅོས་ཟབ་གཏོང་བཅས་བྱས་ནས་དཔལ་འབྱོར་དང་དངུལ་
རྩ་འཁོར་རྒྱུག་བཟང་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་
འདེད་གཏོང་དགོས་པའི་ནན་བཤད་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14དང་15བར་རྒྱལ་ཡོངས་ཀྱི་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དངུལ་རྩ་ནི་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་གལ་ཆེན་ཞིག་དང་། དངུལ་རྩའི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆའི་ཆ་གལ་ཆེན་ཞིག དངུལ་རྩའི་ལམ་ལུགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གལ་ཆེན་ཞིག་བཅས་རེད། དེར་བརྟེན་ངེས་པར་དུ་ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། དངུལ་རྩའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པ། དངུལ་རྩ་སྒྱུར་བཅོས་ཀྱི་ལས་འགན་ཁག་གསུམ་གཏིང་ཟབ་ཏུ་གཏོང་བ། དངུལ་རྩ་སྙོམས་སྒྲིག་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་དངུལ་རྩའི་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲོམ་གཞི་གཏོད་རྒྱུར་སྐུལ་འདེད་གཏོང་བ། དངུལ་རྩ་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་སྒྱུར་བ། དངུལ་རྩའི་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་འགན་ལེན་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་དང་དངུལ་རྩ་འཁོར་རྒྱུག་བཟང་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དངུལ་རྩའི་སྒྱུར་བཅོས་འཕེལ་རྒྱས་ཐད་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ནས་དངུལ་རྩའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། དངུལ་རྩའི་ཐོན་རྫས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ། དངུལ་རྩའི་ཞབས་ཞུའི་ཀུན་ཕན་རང་བཞིན་ཆེ་རུ་ཕྱིན་པ། དངུལ་རྩའི་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཐུབ་པ། དངུལ་རྩའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དང་དངུལ་རྩ་ཕྱོགས་གཉིས་ལ་སྒོ་མོ་འབྱེད་རྒྱུར་འཕེལ་རྒྱས་གསར་པ་བྱུང་བ། དངུལ་རྩའི་ལྟ་སྐུལ་དོ་དམ་ལེགས་བཅོས་ཐུབ་པ་བཅས་བྱུང་ནས་བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་སྲུང་བའི་ནུས་པ་ཆེ་རུ་ཕྱིན་ཡོད་ཅེས་ནན་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དངུལ་རྩའི་ལས་དོན་ལེགས་པར་སྒྲུབ་པར་གཤམ་གསལ་གྱི་རྩ་དོན་གལ་ཆེན་ཁོང་དུ་ཆུད་པ་བྱེད་དགོས་པ་སྟེ། གཅིག་ནས་དངུལ་རྩའི་ལས་དོན་ལེགས་པར་བསྒྲུབས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་བསྟུན་དགོས། དངུལ་རྩའི་ལས་རིགས་ཀྱིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཞབས་ཞུའི་ལས་ཕྱོད་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་སྟེ་དངུལ་རྩའི་ཐོན་ཁུངས་དེ་བས་མང་བ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་སུ་བཀོད་སྒྲིག་བྱས་ཐོག་མི་དམངས་མང་ཚོགས་དང་དངོས་ཚན་དཔལ་འབྱོར་སྣ་མང་ཅན་གྱི་དངུལ་རྩའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་དགོས་པ་དང་། གཉིས་ནས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་དངུལ་རྩའི་ཁྲོམ་ར་དང་། དངུལ་རྩའི་སྒྲིག་གཞི། དངུལ་རྩའི་ཐོན་རྫས་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྤུས་ཚད་སྔོན་འཇོག་མཐའ་འཁྱོངས་ཀྱིས་དངུལ་རྩའི་ལས་རིགས་འཕེལ་རྒྱས་འགྲོ་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུ་ཕན་ཚུན་མཐུན་སྦྱོར་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས་དངུལ་རྩ་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། དངོས་ཚན་དཔལ་འབྱོར་གྱི་མ་གནས་དམའ་རུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་བྱེད་ཚད་མཐོ་རུ་གཏོང་བ། ཉེན་ཁ་ཚོད་འཛིན་འགན་ལེན་བྱེད་པ་བཅས་བྱེད་དགོས་པ། གསུམ་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་གྱིས་དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་བའི་ནུས་པ་ཆེ་རུ་གཏོང་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་འཛིན་པ་དང་བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁར་དོགས་ཟོན་བྱེད་རྒྱུ་མཐའ་ཚད་དུ་བཟུང་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་། དངུལ་རྩའི་སྒྲིག་གཞིའི་ཁྲིམས་མི་བཅོས་སྒྲིག་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཁོག་གཟབ་ནན་དོ་དམ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནུས་པར་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས་པ། བཞི་ནས་ཁྲོམ་རའི་སྟོན་ཕྱོགས་ཐད་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཁྲོམ་རའི་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་དགོས། སྲིད་གཞུང་གིས་སྤྱི་ཁོག་སྙོམས་སྒྲིག་བྱེད་རྒྱུར་ཤུགས་སྣོན་དང་ལེགས་སུ་བཏང་ནས་ཁྲོམ་རའི་སྒྲིག་ལམ་འཐུས་སྒོ་ཚང་དུ་གཏོང་བ་དང་སྒྲིག་ཁྲིམས་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དངུལ་རྩ་ནི་དངོས་ཚན་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན་པས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་ནི་དངུལ་རྩའི་རང་འགན་རྩོད་མེད་ཅིག་དང་དངུལ་རྩའི་དམིགས་ཡུལ་ཡིན་ལ་དངུལ་རྩའི་ཉེན་ཁར་དོགས་ཟོན་བྱེད་པའི་རྩ་བའི་བྱ་ཐབས་ཤིག་ཀྱང་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་སྤུས་ཚད་སྔོན་འཇོག་དང་ལས་ཕྱོད་གོང་བཀུར་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་མཁོ་སྤྲོད་ཕྱོགས་ཀྱི་གསོག་འབོར་བསྐྱར་སྒྲིག་དང་། འཕར་ཚད་ལེགས་གཏོང་། སྒུལ་ནུས་གཞན་སྒྱུར་བཅས་ལ་དེ་བས་མཐོང་ཆེན་བྱེད་དགོས། ཐད་ཀའི་མ་དངུལ་བསྡུ་སྒྲིལ་འཕེལ་རྒྱས་གཏོང་རྒྱུ་གནས་བབ་གལ་ཆེན་ལ་བཞག་ནས་མ་དངུལ་བསྡུ་སྒྲིལ་གྱི་ནུས་པ་ཆ་ཚང་བ་དང་། རྨང་གཞིའི་ལམ་ལུགས་བརྟན་པ། ཁྲོམ་རའི་ལྟ་སྐུལ་དོ་དམ་ནུས་ལྡན་ཐུབ་པ། མ་འཇོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་མ་རྩའི་ཁྲོམ་རའི་མ་ལག་ཅིག་ཆགས་པར་བྱེད་དགོས། གཞན་བརྒྱུད་ཀྱི་མ་དངུལ་བསྡུ་སྒྲིལ་གྲུབ་ཆ་ལེགས་སྒྲིག་བྱས་ནས་གཞུང་ཁོངས་དངུལ་ཁང་ཆེ་གྲས་ཀྱི་འཐབ་ཇུས་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ་དངུལ་ཁང་དང་དམངས་གཉེར་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་འཕེལ་རྒྱས་གཏོང་དགོས། འགན་བཅོལ་ལས་རིགས་ཀྱིས་ཡུན་རིང་བརྟན་ལ་སྐྱོན་བྲལ་གྱི་ཉེན་ཁ་དོ་དམ་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཀུན་ཕན་རང་བཞིན་གྱི་དངུལ་རྩའི་མ་ལག་བཙུགས་ནས་ཁེ་ལས་ཆུང་གྲས་དང་། “ཞིང་གསུམ” ཐག་རིང་ལུང་ཁུག་ས་ཁུལ་བཅས་ཀྱི་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་དངུལ་རྩ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་གཉེར་སྐྱོང་གི་མ་གནས་དམའ་རུ་བཏང་སྟེ་བར་གྱི་ལས་སྒོའི་ལྷུ་ཚིགས་གཙང་བཟོ་དང་ཚད་ལྡན་དུ་བཏང་ནས་དངོས་ཚན་དཔལ་འབྱོར་གྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་རྣམ་པ་བསྒྱུར་ནས་མཐོ་རུ་གཏོང་བའི་གནས་ཚུལ་མི་ཐོན་པ་བྱེད་དགོས།
           ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་ཐོན་རྒྱུ་སྔོན་འགོག་བྱེད་རྒྱུ་ནི་དངུལ་རྩའི་ལས་དོན་གྱི་ནམ་ཡང་འགྱུར་མེད་ཀྱི་བརྗོད་བྱ་གཙོ་བོ་ཞིག་རེད། བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁར་རང་འགུལ་ངང་དོགས་ཟོན་དང་སེལ་རྒྱུ་ནི་དེ་བས་གལ་འགངས་དེ་བས་ཆེ་བའི་གནས་བབ་ཐོག་བཞག་ནས་ཚན་རིག་དང་མཐུན་པའི་ངང་དོགས་ཟོན་བྱས་ཏེ་སྔ་ཙམ་གསལ་འབྱེད་དང་། སྔ་ཙམ་ཉེན་ཟོན། སྔ་ཙམ་ཤེས་རྟོགས། སྔ་ཙམ་ཐག་གཅོད་བཅས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་ནུས་ལྡན་དང་བསལ་ཐོག་དངུལ་རྩའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་དང་ཉེན་ཁ་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ལམ་སྲོལ་ནུས་ལྡན་ངང་འཐུས་སྒོ་ཚང་དུ་གཏོང་དགོས། དཔལ་འབྱོར་གྱི་འདེགས་ཤིང་མེད་པར་བཟོ་རྒྱུར་སྐུལ་འདེད་གཏོང་བ་དང་། དངུལ་ལོར་སྲིད་ཇུས་བརྟན་པོ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག བསྡོམས་འབོར་ཚོད་འཛིན་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་འདེགས་ཤིང་གི་ཚད་གཞི་དམའ་རུ་གཏོང་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས“རོ་རེངས་ཁེ་ལས”ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་ས་གནས་སྲིད་གཞུང་གི་བུ་ལོན་འཕར་རྒྱུར་ཚོད་འཛིན་བྱས་ཏེ་ཚེ་གང་རིང་འགན་འཁྲི་བདའ་འདེད་དང་འགན་འཁྲི་ལྡོག་བཤེར་བྱེད་དགོས། དངུལ་རྩའི་ཁྲོམ་རའི་སྒྲིག་ལམ་ལ་འགོག་རྐྱེན་ཚབས་ཆེན་བཟོ་བའི་བྱེད་སྤྱོད་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ནས་དངུལ་རྩའི་ཁྲོམ་རའི་ཉོ་ཚོང་བྱ་སྤྱོད་ཚད་ལྡན་ནན་པོ་དང་། དངུལ་རྩའི་ཕྱོགས་བསྡུས་གཉེར་སྐྱོང་དང་ཐོན་ལས་དང་དངུལ་རྩའི་ལས་རིགས་ཟུང་འབྲེལ་ཚད་ལྡན་ཡོང་བ་བྱས་ནས་དྲ་སྦྲེལ་གྱི་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དངུལ་རྩའི་སྒྲིག་གཞིའི་ཉེན་ཁ་སྔོན་འགོག་གི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་དངུལ་རྩའི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ངང་དངུལ་རྩ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིའི་མ་ལག་ལེགས་སྒྲིག་བྱས་ནས་གཞུང་ཁོངས་དངུལ་རྩའི་མ་རྩ་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱི་དངུལ་ཁྲོམ་རའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དེང་རབས་དངུལ་རྩའི་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀུང་སིའི་ཁྲིམས་མིའི་བཅོས་སྒྲིག་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ། རྐང་དབང་གྲུབ་ཆ་ལེགས་སྒྲིག་བྱེད་པ། སྐུལ་ལྕག་ཚོད་འཛིན་གྱི་ལམ་སྲོལ་ནུས་ལྡན་འཛུགས་པ། ཉེན་ཁ་ནང་ཁུལ་དུ་ཚོད་འཛིན་བྱེད་པའི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་ཁྲོམ་རར་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་དོ་དམ་གྱི་ཞན་ཆ་གསབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དངུལ་རྩ་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས་མི་དམངས་དངུལ་ཁང་གི་སྤྱི་ཁོག་གཟབ་ནན་དོ་དམ་དང་། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་དོགས་ཟོན་གྱི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས། ས་གནས་སྲིད་གཞུང་གིས་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་པའི་ཐད་གཙོ་བོ་ཀྲུང་དབྱང་གི་དོན་གཅོད་དབང་ཆ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཀྲུང་དབྱང་གི་གཅིག་གྱུར་སྒྲིག་སྲོལ་གཞིར་བཟུང་། ཁོངས་གཏོགས་ས་ཆའི་ཉེན་ཁ་ཐག་གཅོད་བྱེད་པའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས། དངུལ་རྩའི་དོ་དམ་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་བྱེད་པ་དང་། ལྟ་སྐུལ་དོ་དམ་བྱེད་ཕོད་པ། ལྟ་སྐུལ་དོ་དམ་བྱེད་མཁས་པ། འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་བཅས་ཀྱི་ལྟ་སྐུལ་དོ་དམ་གྱི་སྙིང་སྟོབས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཉེན་ཁ་ཡོད་ཀྱང་དུས་ཐོག་ཏུ་ཤེས་རྟོགས་མ་ཐུབ་པ་ནི་འགན་འཛོལ་ཤོར་བ་དང་། ཉེན་ཁ་ཤེས་རྟོགས་ཐུབ་ཀྱང་དུས་ཐོག་ཏུ་དྲན་སྐུལ་དང་ཐག་གཅོད་མི་བྱེད་པ་ནི་འགན་འཛོལ་ཤོར་བ་ཞིག་ཡིན་པའི་ལྟ་སྐུལ་དོ་དམ་ནན་པོ་བྱེད་པའི་རྣམ་པ་ཆགས་པར་བྱེད་དགོས། ཉེན་ཁར་ལྟ་ཞིབ་ཚད་ལེན་དང་། ཉེན་ཟོན། སྔོན་ནས་ཐེ་གཏོགས་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤྱི་འདོམས་ལྟ་སྐུལ་དོ་དམ་དང་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩའི་ལས་རིགས་ཀྱི་ཕྱོགས་བསྡུས་བསྡོམས་རྩིས་དང་ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་མཉམ་སུ་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
           ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དངུལ་རྩ་ཕྱི་ཕྱོགས་སུ་་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གྲུབ་པའི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་མ་རྩའི་རྣམ་གྲངས་དངུལ་བརྗེས་ཆོག་པ་བརྟན་པོ་ཡོང་བ་བྱེད་དགོས། དངུལ་རྩའི་ལས་རིགས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྒོ་འབྱེད་གོ་རིམ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཕན་པ་དང་། དངུལ་རྩ་གོ་རིམ་ལྡན་པའི་ངང་འགྲན་རྩོད་བྱེད་རྒྱུར་ཕན་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་བྱེད་རྒྱུར་ཕན་པ་བཅས་ཀྱི་ལམ་སྲོལ་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་དངུལ་རྩའི་གསར་གཏོད་ལ་སྐུལ་འདེད་བཏང་ནས་འབྲེལ་ཡོད་ལམ་ལུགས་ཇུས་འགོད་ཡག་པོ་བྱེད་དགོས།