མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཐེན་ཅིན་དུ་གཟབ་
རྒྱས་ངང་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་29ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཐེན་ཅིན་དུ་གཟབ་
རྒྱས་ངང་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན་གྱི་དགོང་མོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཐེན་ཅིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་འགོ་འཛུགས་མཛད་སྒོར་ཕེབས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
         ཆུ་ཚོད་20པའི་ཐོག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པ་དང་སྐད་གསང་མཐོ་ལ་སྙན་འཇེབས་ལྡན་པའི་《མེས་རྒྱལ་ལ་གླུ་དབྱངས་ལེན་》ཞེས་པའི་འགྱུར་ཁུག་དང་སྦྲགས་གཟབ་སྦྲེང་རུ་ཁག་གིས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལ་བསྐོར་ནས་དཔའ་ཆ་ཐང་བའི་གོམ་སྟབས་སྤོ་བཞིན་ལུས་རྩལ་ཐང་དུ་བསྐྱོད། ས་གནས་ས་ཐོག་ཏུ་དབྱངས་འགྲོས་མངོན་གསལ་དོད་པའི《ལུས་རྩལ་པའི་མདུན་སྐྱོད་གླུ་དབྱངས》དཀྲོལ་བ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དར། དར་ཆ་སྒྲེང་མཁན་100བཅས་ལས་གྲུབ་པའི་ཚོགས་དར་གྱི་རུ་སྟར་གྲུ་བཞི་དང་ཤན་འབྱེད་པའི་འཐུས་མིའི་རུ་སྟར་གྲུ་བཞི་ཀྲུའུ་ཞི་སྡིངས་ཆའི་ཕྱོགས་སུ་བསྐྱོད་པ་དང་དེ་རྗེས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། བཅིངས་འགྲོལ་དམག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་དང་དེ་བཞིན་ལས་རིགས་ལུས་རྩལ་མཐུན་ཚོགས་གསུམ་བཅས་ཁག་ནས་ཡོང་བའི་འཐུས་མི་ཚོགས་པ་38ཀྱི་སྙིང་སྟོབས་རབ་ཏུ་རྒྱས་པའི་ལུས་རྩལ་པའི་འཐུས་མི་བསྐྱོད་ཅིང་། ཚོགས་ར་ཡོངས་ཀྱི་ལྟད་མོ་བས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་དང་དགའ་འབོད་བྱེད་བཞིན་དུ་ལུས་རྩལ་པ་རྣམས་ལ་བསུ་བ་ཞུས།
         ཚོགས་རར་བསྐྱོད་པའི་མཛད་སྒོ་མཇུག་འགྲིལ་རྗེས་ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་ལེན་པ་དང་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་བཞིན་དུ་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ངང་གཡོ།
         ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧུང་ཀྲུང་གིས་ཐེན་ཅིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཁྲི་1600ཡི་ཚབ་ཞུས་ཏེ་སྐུ་མགྲོན་རྣམ་པ་དང་ལུས་རྩལ་པ་དང་། རྩལ་སློབ་པ། ཤན་འབྱེད་པ་བཅས་ཡོངས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
         རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀོའུ་ཀྲུང་ཝུན་གྱིས་འགོ་འཛུགས་ཤིས་ཚིག་གསུངས་པ་དང་སྐབས་འདིའི་ལུས་རྩལ་འགྲན་ཚོགས་གཉེར་མཁན་ཐེན་ཅིན་གྲོང་ཁྱེར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གྲབས་གཉེར་བྱེད་མཁན་ལས་དོན་པ་དང་དང་བླངས་པ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
         ཆུ་ཚོད་20དང་སྐར་མ་40ཡི་ཐོག་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་འགོ་འཛུགས་རྒྱུ་ཡིན”ཞེས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་མ་ཐག་ཚོགས་ར་ཡོངས་འཁྲུག་ཆ་དོད་པོར་གྱུར་ནས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་བར་མེད་གྲགས།
         རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་གླུའི་འགྱུར་ཁུག་དང་སྦྲགས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དར་དལ་བུའི་ངང་བསྒྲེངས།

【1】  【2】