མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་དམག་དཔུང་གི་ཚན་མོའུ་ཀྲང་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏེང་
ཕུའུ་ཏེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་དམག་དཔུང་གི་ཚན་མོའུ་ཀྲང་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏེང་
ཕུའུ་ཏེ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་རིའི་དམག་དཔུང་གི་ཚན་མོའུ་ཀྲང་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏེང་ཕུའུ་ཏེ་དང་བཅས་པ་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི་གཉིས་པོ་ས་ཁུལ་དང་འཛམ་གླིང་ནང་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེ་གྲས་དང་འཛམ་གླིང་གི་མདུན་གྲལ་དུ་གནས་པའི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་ཡིན་པའི་ངོས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བའི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད། ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་རྒྱལ་སྤྱིའི་འཐབ་ཇུས་ཀྱི་སྤྱི་ཡོངས་ལའང་ཤུགས་རྐྱེན་གཏིང་ཟབ་ལྡན་པ་ཞིག་རེད། ང་དང་ཙུང་ཐུང་ཐེ་རོན་ཕུ་གཉིས་པོས་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ་ཚང་མས་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་དེ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་མ་ཧུར་ཐག་གཏོང་འདོད་ཡོད། ཨ་རི་འཕེལ་རྒྱས་ཡག་པོ་བྱུང་ཚེ་ཀྲུང་གོར་ཕན་ཐོགས་ཡོད། ཀྲུང་གོ་འཕེལ་རྒྱས་ཡག་པོ་བྱུང་ཚེ་ཨ་རིར་ཡང་ཕན་ཐོགས་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བའི་བགྲོད་ལམ་ཐོག་སྐབས་འགར་བསམ་ཐོག་ལ་མ་རྒྱུག་པ་དང་འགལ་རྐྱེན་འཕྲད་སྲིད་ཀྱང་དེ་དག་ཆར་ཐག་ཆད་ནས་གནམ་དྭངས་པ་བཞིན་ཡོང་ཐུབ་པས། ཕྱོགས་གཉིས་པོས་ལྷག་བསམ་ཟོལ་མེད་དང་ཀུན་སློང་བཟང་པོའི་ཐོག་ནས་ལྟ་སྟངས་འཛིན་ཏེ་འབྲེལ་གཏུག་དམ་ཟབ་དང་འགལ་བ་ཐག་གཅོད་འོས་འཚམ་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་དམག་དཔུང་གཉིས་པོའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས། ཉེ་བའི་ལོ་ཤས་རིང་དམག་དཔུང་གཉིས་པོས་རིམ་པ་ཁག་གི་སྤེལ་རེས་གླེང་མོལ་ལ་ཤུགས་སྣོན་རྒྱག་པ་དང་། དམག་དོན་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཐད་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་བྱུང་ཡོད། ད་ཐེངས་ད་དུང《ཀྲུང་གོ་དང་ཨ་རིའི་དམག་དཔུང་གཉིས་པོའི་མཉམ་འབྲེལ་ཚན་མོའུ་པུའི་གླེང་མོལ་ལམ་སྲོལ་སྒྲོམ་གཞིའི་ཡིག་ཆར》མིང་རྟགས་ཀྱང་བཀོད་ཡོད་པ་རེད། དེ་དག་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡོང་རྒྱུར་སྐུལ་མ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པས་ཕྱོགས་གཉིས་པོས་དམིགས་ཡུལ་གཅིག་མཚུངས་འཛིན་པ་དང་ད་ཡོད་ཀྱི་མཉམ་ལས་ལམ་སྲོལ་དང་ལས་སྟེགས་གང་ལེགས་སྤྱད་དེ་དམག་དཔུང་གཉིས་པོའི་འབྲེལ་བའི་ཐད་དྲང་ནུས་གསོག་འཇོག་བྱ་རྒྱུའི་རེ་བ་ཡོད། ང་ཚོས་ཨ་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཕན་ཚུན་བརྩི་འཇོག་དང་། མཉམ་ལས་ལ་དམིགས་པ། ཕན་འབྲས་དེ་བས་མང་བ་གསོག་འཇོག་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཏེང་ཕུའུ་ཏེས་ཞི་ཅིན་ཕིང་གིས་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཙུང་ཐུང་ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་བྱས་པ་དང་འབྲེལ་ཙུང་ཐུང་ཐེ་རོན་ཕུ་ལོ་འདིའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཙུང་ཐུང་ཐེ་རོན་ཕུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་ནུས་ལྡན་འོག་དམག་དཔུང་གཉིས་པོའི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་ཡོད། ཨ་རི་དང་ཀྲུང་གོའི་དམག་དཔུང་གཉིས་པོའི་འབྲེལ་བ་དེ་འབྲེལ་བ་ཡག་པོ་ཞིག་ཡིན་ཞེས་བརྗོད་ཆོག ཨ་རི་ཕྱོགས་ཀྱིས་དམག་དོན་ཁྱབ་ཁོངས་སུ་ཀྲུང་གོ་ཕྱོགས་དང་ལྷག་བསམ་ཟོལ་མེད་དང་ཆེད་ལས་ཀྱི་གླེང་མོལ་བྱས་ནས་སྤེལ་རེས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཉེན་ཁ་དོ་དམ་ཚོད་འཛིན་ཏན་ཏིག་བྱས་ནས་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་ཧུར་ཐག་བཏང་སྟེ་ཨ་རི་དང་ཀྲུང་གོའི་དམག་དཔུང་གཉིས་པོའི་འབྲེལ་བ་གོང་འཕེལ་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྐུལ་མ་གཏོང་རྒྱུར་གཞོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།