མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་པ་ལས་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིང་པ་ལས་
མིའི་ལས་དོན་ལ་ལྟ་ཞིབ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་3ཉིན་མི་སྤྱི་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་པ་ལས་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཉེ་ཆར་བརྡ་ཐོ་བཀྲམ་ནས་ཟླ་11ནས་ཟླ་12པའི་བར་རྒྱལ་ཡོངས་ཀྱི་ཞིང་པ་ལས་མིའི་ལས་དོན་ལ་ལྟ་ཞིབ་ཐེངས་བཅུ་གཅིག་པ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
         མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་ཀྱི་ལྟ་ཞིབ་ལ་ས་གནས་ཁག་གིས་རང་བཤེར་བྱེད་པ་དང་གཙོ་གནད་ཐོག་ལྟ་ཞིབ་བྱེད་པ་གཉིས་སུ་དབྱེ་ཡོད་པའི་ནང་གཙོ་གནད་ལྟ་ཞིབ་དེ་སློབ་གསོ་པུའུ་དང་། ཁྲིམས་འཛིན་པུའུ། མི་སྤྱི་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་སྡེ་ཚན་དང་ཚན་པ་6གིས་སྣེ་ཁྲིད་ནས་གྲུབ་པའི་ལྟ་ཞིབ་ཚོགས་ཆུང་6ཡིན་པ་དང་། ཀོང་ཏུང་དང་། ལེའོ་ཉིང་། ཕུའུ་ཅན། ཀན་སུའུ། ཨན་ཧུའེ། ཁྲུང་ཆིང་བཅས་ལ་སོ་སོར་ལྟ་ཞིབ་བྱ་རྒྱུ་རེད།
         འགན་འཁུར་བ་དེས་ད་རེས་ཀྱི་ལྟ་ཞིབ་ཀྱིས་གཙོ་གནད་ཐོག་ཞིང་པ་ལས་མིའི་ལས་ཞུགས་ལས་གཏོད་ལ་སྐུལ་གཏོང་དང་། 
         ཞིང་པ་ལས་མིའི་ངལ་རྩོལ་ཁེ་དབང་སྲུང་སྐྱོང་། ཞིང་པ་ལས་མིར་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ངང་ལོངས་སྤྱོད་བྱ་རྒྱུར་སྐུལ་འདེད། གྲོང་ཁྱེར་དང་གྲོང་རྡལ་དུ་ཞིང་པ་ལས་མི་གཞིས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞིར་དམ་པོར་དམིགས་ཡོད། ཞིབ་ཕྲའི་ཐད། ཞིང་པ་ལས་མིའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་སྐྱེད་དང་། ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་ལེགས་བཅོས། ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ། ཞིང་པ་ལས་མིའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཁྱོན་ཆེ་རུ་གཏོང་བ། གསོ་སྦྱོང་གི་དམིགས་ས་དང་ཕན་འབྲས་ཆེར་གཏོང་། གླ་ཆ་འགྱངས་ཆད་བཅོས་སྒྲིག་དང་གླ་ཆ་སྤྲོད་རྒྱུ་འགན་ལེན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་གཏོང་བ། གླ་ཆ་ཆད་པའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཞིབ་བཤེར་ཐག་གཅོད་བྱེད་པ། ཞིང་པ་ལས་མི་དང་མཉམ་དུ་ཡོང་བའི་བུ་ཕྲུག་ལ་འདྲ་མཉམ་ངང་འོས་འགན་སློབ་གསོ་ཐོབ་པ་དང་ཡུལ་དེ་གར་མཐོ་རྒྱུགས་ནང་ཞུགས་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཡོང་བར་སྐུལ་མ་གཏོང་བ། ཆ་རྐྱེན་འཛོམས་པའི་ཞིང་པ་ལས་མི་སྡོད་ཁང་འགན་སྲུང་ནང་འཇུག་པའི་གནས་ཚུལ། ཞིང་པ་ལས་མི་དང་མཉམ་དུ་ཡོང་བའི་ནང་མི་གྲོང་ཁྱེར་དུ་གཞིས་ཆགས་པའི་ཆ་རྐྱེན་སྔར་བས་ལྷུག་ཏུ་གཏོང་བ། ཞིང་པ་ལས་མིའི་ས་ཆ་འགན་གཙང་ལེན་པའི་དབང་ཆ་སྲུང་སྐྱོང་བྱེད་པ། ཁང་ས་བེད་སྤྱོད་དབང་ཆ་དང་མཉམ་སྡེབ་ཡོང་འབབ་བགོ་བཤའི་དབང་ཆའི་གནས་ཚུལ་སོགས་ཚུད་ཡོད་ཅེས་བརྗོད།