མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་དམིགས་བསལ་
ཕོ་ཉ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་གི་དམིགས་བསལ་ཕོ་ཉ་ཀྲུང་དབྱང་ཕྱི་ཕྱོགས་པུའི་པུའུ་ཀྲང་ཧོང་ཕིང་ཅུན་དང་མཇལ་འཛོམས་གནང་བ་རེད།
         སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཏང་བའི་རྟེན་འབྲེལ་འཕྲིན་ཡིག་ཧོང་ཕིང་ཅུན་གྱིས་བརྒྱུད་འབུལ་ཞུས་པ་དང་འབྲེལ་ངག་འཕྲིན་བརྒྱུད་སྤྲོད་ཀྱང་ཞུས་པ་རེད། ལྗགས་ལན་ནང་རོན་ཕུའུ་ཀྲུང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ཐུགས་གྲ་ལེགས་འགྲིག་བྱུང་བའི་མཚམས་སུ་ངོས་ཀྱིས་ཝེ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པར་དམིགས་ནས་དམིགས་བསལ་ཕོ་ཉ་ཀྲུང་གོར་འཚམས་འདྲིར་མངགས་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་འབྲེལ་ཏང་ཡོངས་ཀྱིས་འགོ་ཁྲིད་ཀྱི་སྲོག་ཤིང་ལ་གོང་བཀུར་བྱས་པར་སྐུ་གམ་དུ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུར་མངགས་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་རླབས་ཆེའི་གྲུབ་འབྲས་ཐོབ་པར་ང་ཚོས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ཉིད་ཏང་གི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་སྤུན་ཟླ་ཀྲུང་གོ་མི་དམངས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱས་ནས་ཀྲུང་གོ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་ཏེ་ས་ཁུལ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།
         ཞི་ཅིན་ཕིང་གིས་རོན་ཕུའུ་ཀྲུང་གིས་ལྗགས་ལན་བསྐུར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་མིག་སྔར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་ལ་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བརྗེའི་བྱ་གཞག་ཀྱང་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ངས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་དགོས་ཞེས་བཏོན་ཡོད། ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཡང་སྔར་བཞིན་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་དགོས། ཐོག་མའི་བསམ་འདུན་དེ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣ་རྒན་རབས་ཚོ་སྐུ་ངོ་མས་གསར་གཏོད་དང་བློ་རྩེ་གཅིག་སྒྲིམ་གྱིས་སྐྱེད་སྲིང་གནང་བའི་ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཤིག་ཡིན། འགན་འཁྲི་དེ་ནི་ང་ཚོའི་ཏང་གཉིས་ལ་ཐུན་མོང་ཐོག་དབང་བའི་ཕུགས་བསམ་དད་སེམས་དང་ཕྲག་ཐོག་ཏུ་ཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་དེ་ཡིན། ཀྲུང་ཝེ་ཏང་གཉིས་པོ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་འཛིན་ཏང་གཅིག་མཚུངས་ཡིན་པས་ཟུར་ཚད་དེ་བས་མཐོ་བ་དང་རིམ་པ་དེ་བས་ཟབ་པའི་སྒོ་ནས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཞིབ་ལྟ་བྱས་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།