མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཤིན་ཅང་དུ་ཚོགས་ཆེན་བཅུ་དགུ་པའི་སྒྲོག་འགྲེལ་མེ་འཁོར་གྱི་འཁོར་སྒྲོམ་དུ་ཁྱབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། “མི་རིགས་ཁག་སེའུ་འབྲུ་བཞིན་དམ་པོར་འབྲེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་བླང་བྱ་ལྟར་ང་ཚོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས”ཞེས་ཟླ་11ཚེས་4ཉིན་གྱི་སྔ་དྲོར“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་རྟགས་ཅན”གྱི་མེ་འཁོར་དལ་བུར་ཝུའུ་ལུའུ་མུའུ་ཆི་བབས་ཚུགས་ནས་ཐོན་པ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་ཏང་འཛུགས་སྐྱོང་པུའི་དགེ་རྒན་ཆེ་མོ་ཁྲེན་ཧུང་གིས་མེ་འཁོར་དུ་འགྲུལ་པ་རྣམས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད།
         “ད་རེས་ཀྱི་སྒྲོག་འགྲེལ་ཧ་ཅང་དམིགས་བསལ་ཅན་ཞིག་རེད། དམིགས་བསལ་གྱི་སྒྲོག་འགྲེལ་འདིའི་ནང་ཞུགས་པར་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཁྲེན་ཧུང་གིས་ཚང་མར་རང་ཉིད་ཀྱི་མྱོང་ཚོར་བརྗོད།
         ཅིའི་ཕྱིར་དམིགས་བསལ་ཡིན་པའི་ཐད། འཁོར་སྒྲོམ་ནང་གི་ཉན་མཁན་རྣམས་ཀྱིས་ལན་མི་འདྲ་བ་བརྒྱབ་པ་རེད།
         དེ་ནི་དམིགས་བསལ་གྱི་མེ་འཁོར་ཞིག་ཡིན། “མེ་འཁོར་གཞན་དག་དང་མི་འདྲ་བ་ནི་ང་ཚོའི་མེ་འཁོར་འདི་མ་གཞི་ནས་མི་རིགས་མཐུན་སྒྲིལ་སློབ་གསོའི་སྐོར་སྐྱོད་སློབ་ཁང་ཆེན་པོ་ཞིག་ཡིན”ཞེས་མེ་འཁོར་དཔོན་སྨིའར་པན·ཨེ་དབྱི་ཐིས་བརྗོད།
         ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ་3ཚེས་25ཉིན་ཝུའུ་ལུའུ་མུའུ་ཆི་ནས་ཧོ་ཐེན་བར་གྱི་མེ་འཁོར་གཏོང་ཐེངས་T9526དངོས་སུ་བཏང་བ་ནི་མེ་འཁོར་ཤིན་ཅང་དུ་བཏང་ནས་ལོ་60སོང་རིང་ཐོག་མར་ཝུའུ་ལུའུ་མུའུ་ཆི་ནས་ཧོ་ཐེན་དུ་ཐད་གཏོང་བྱེད་པའི་འགྲུལ་པའི་ཆེས་མྱུར་མེ་འཁོར་ཡིན་པ་དང་། དེའི་མིང་ལ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་རྟགས་ཅན”ཞེས་བཏགས་ཡོད་ཅིང་། ཤིན་ཅང་ལྷོ་རྒྱུད་ཀྱི་ཁུའུ་འར་ལེ་དང་། ཁུའུ་ཁྲེ། མོ་ཡུས། ཧོ་ཐེན་སོགས་བབས་ཚུགས་བརྒྱུད་ཀྱི་ཡོད་པ་རེད།
        “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་གསུང་བཤད་ལས་ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། དེ་རིང་གི་སྒྲོག་འགྲེལ་ལས་དམིགས་བསལ་གྱི་མེ་འཁོར་འདིའི་ནང་རང་འཁྲིའི་ལས་ཀ་སྔར་བས་ཡག་པོ་བྱ་དགོས་པའི་དྲན་སྐུལ་བྱས་ཡོད། ང་ཚོའི་མེ་འཁོར་གྱི་མཚོན་རྟགས་ནི་སེའུ་འབྲུ་ཡིན་ལ་བརྗོད་དོན་གཙོ་བོ་ནི་མཐུན་སྒྲིལ་ཡིན་པས། ང་ཚོས་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་ཆེད་སྔར་བས་ནུས་པ་འདོན་དགོས། ང་ཚོ་དུས་ཡུན་རིང་པོར་ཝུའུ་ལུའུ་མུའུ་ཆི་ནས་ཧོ་ཐེན་བར་འགྲོ་འོང་བྱེད་ཀྱི་ཡོད་པ་དང་མེ་འཁོར་ནང་གི་འགྲུལ་པ་ཡང་གྲངས་ཉུང་མི་རིགས་རེད། སླད་ཕྱིན་ཞབས་འདེགས་ཡག་པོ་ཞུ་བ་དང་དུས་མཚུངས་འགྲུལ་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཀྱང་བྱ་རྒྱུ་ཡིན”ཞེས་སྨི་འར་པན·ཨེ་དབྱི་ཐིས་བཤད།
         དེ་ནི་དམིགས་བསལ་གྱི་འགྲུལ་པ་ཁག་གཅིག་ཡིན། “ང་ཁ་ཧྲི་ས་ཁུལ་ཧྲ་ཁྲེ་རྫོང་དུ་གཉེན་འཕྲད་ལ་འགྲོ་བ་ཡིན”ཞེས་ཤིན་ཅང་ཨེར་ཆི་སི་ཆུ་བོ་འབབ་རྒྱུད་གསར་སྤེལ་ལས་གྲྭ་འཛུགས་སྐྲུན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཅི་ཁའེ་ཡིས་གསར་འགོད་པར་བཤད།
        ཤེས་རྟོགས་བྱུང་བ་ལྟར་ན། 2016ལོའི་ཟླ་10ཚེས་16ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ”ཅེས་པའི་བྱེད་སྒོ་སྤེལ་ནས་ཆ་སྒྲིག་གཉེན་འཚོལ་གཙོ་གནད་དུ་བཟུང་བ་དང་། རིམ་ཁག་སྲིད་འཛིན་བྱ་གཞག་ཚན་པའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་མི་རེས་དུད་ཚང་1གི་གཞི་རིམ་མང་ཚོགས་ལ་ཆ་སྒྲིག་འབྲེལ་གཏུག་བྱས་པ་དང་། མི་རིགས་ཁག་དབར་གཉེན་འཚོལ་བྱས་ནས་རྟག་ཏུ་བལྟ་བར་འགྲོ་ཡི་ཡོད། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་རྟགས་ཅན”གྱི་མེ་འཁོར་བཏང་བས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི“གཉེན་འཕྲད”ལམ་བུ་སྔར་བས་བདེ་བླག་བྱུང་ཡོད།
        དེ་ནི་དམིགས་བསལ་གྱི་མཛད་སྒོ་ཞིག་ཡིན། “དེ་རིང་ང་ཚོས་ཏང་དར་གྱི་མདུན་དུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་ཡིན། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ང་ཏང་ཡོན་ཞིག་གི་ངོས་ནས་འདོར་ཐབས་མེད་པའི་འགན་འཁྲི་ཡིན་པའི་མྱོང་ཚོར་བྱུང”ཞེས་མེ་འཁོར་གྱི་ཞབས་ཞུ་བ་ཧོང་ཡུས་ཐིང་གིས་བརྗོད།
         བྱེད་སྒོ་མཇུག་འགྲིལ་རྗེས་མི་ཞིག་གིས“མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་མིན་ཇི་ལྟར་ཤན་འབྱེད་དགོས”ཞེས་དྲིས་པ་ན།
         “ཚད་གཞི་ཡག་ཤོས་ནི་མི་དམངས་ཀྱི་ཁས་ལེན་དང་མི་སེར་གྱི་མཐུན་སྒྲིལ་ཡིན”ཞེས་ཁྲེན་ཧུང་གིས་ལན་བཏབ།
         དེ་མ་ཐག་འཁོར་སྒྲོམ་དུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།