མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བྱམས་པ་སྒྲོལ་མས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་
ནི་ངའི་གདམ་ག་ཡག་ཤོས་ཤིག་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བྱམས་པ་སྒྲོལ་མས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་
ནི་ངའི་གདམ་ག་ཡག་ཤོས་ཤིག་ཡིན་ཞེས་བརྗོད་པ།

         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་བུད་མེད་རུ་ཆེན་གྱི་སློབ་སྟོན་པ་བྱམས་པ་སྒྲོལ་མའི་འཐུས་མིའི་ལག་ཁྱེར་གྱི་རྒྱབ་ངོས་སུ་ཁོ་མོའི་པཱ་ལགས་ལོ་མང་པོའི་གོང་བོད་རང་སྐྱོང་ལྗོངས་ཏང་ཡོན་གྱི་འཐུས་མི་ཚོགས་ཆེན་ནང་ཞུགས་མྱོང་བའི་ལག་ཁྱེར་མཉམ་དུ་བཅུག་ཡོད།
         བྱམས་པ་སྒྲོལ་མས“ངའི་པཱ་ལགས་ད་ལྟ་བཞུགས་མེད། འོན་ཀྱང་ཁོང་གི་ལེགས་སྐྱེས་འབུལ་སྤྲོ་བ་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་རྒྱུའི་འགན་འཁྲི་ང་ལ་ཡོད”ཅེས་བརྗོད།
         བྱམས་པ་སྒྲོལ་མའི་པཱ་ལགས་ནི་1940ལོར་སྐྱེས་པའི་ཏང་ཡོན་རྒན་གྲས་ཤིག་ཡིན་ཞིང་། དེ་སྔ་སྤྱི་ཚོགས་རྙིང་པའི་སྐབས་སྐུ་དྲག་ཁྱིམ་ཚང་གི་གཡོག་པོ་བྱེད་མྱོང་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས་གཞི་ནས་སློབ་ཆེན་འགྲིམ་པའི་གོ་སྐབས་བྱུང་ཡོད། བྱམས་པ་སྒྲོལ་མས“པཱ་ལགས་སློབ་གྲྭ་ཐོན་རྗེས་རང་འགུལ་ངང་བོད་ཀྱི་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆར་ལས་ཀ་བྱེད་རྒྱུའི་རེ་བ་ཞུས་པས་ང་རང་ཡང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་ནག་ཆུ་ས་ཁུལ་ཤན་རྩ་རྫོང་དུ་སྐྱེས་པ་རེད”ཅེས་བརྗོད།
         ཚོགས་ཆེན་བཅུ་དགུ་པ་འཚོག་ཡུལ་དུ་བྱམས་པ་སྒྲོལ་མས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ཉན་པ་དང་། བྲང་ཁོག་ཏུ་འཐུས་མིའི་ལག་ཁྱེར་བཏགས་ཏེ་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“མེས་རྒྱལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་མིག་མདུན་དུ་འཆར་རྒྱུ་ཡོད་པས་ང་རང་རླབས་ཆེའི་དུས་རབས་འདི་འདྲ་ཞིག་ཏུ་སྐྱེས་པར་དངོས་གནས་བདེ་སྐྱིད་ཡིན་པའི་ཚོར་སྣང་སྐྱེ་གི་འདུག”ཅེས་བརྗོད། ད་དུང་ཁོང་གིས་བརྩེ་སེམས་ཟབ་མོའི་སྒོ་ནས“ངས་རང་ཉིད་ཀྱི་པཱ་ལགས་ཀྱིས་དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་ཕུལ་བའི་ལེགས་སྐྱེས་རྣམས་དྲན་གྱི་འདུག ངས་མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་སྙིང་སྟོབས་དེ་མུ་མཐུད་རྒྱུན་འཛིན་བྱེད་རྒྱུ་ཡིན”ཞེས་བརྗོད།
         པེ་ཅིང་ནས་ལྷ་སར་ལོག་རྗེས་བྱམས་པ་སྒྲོལ་མ་ཉིན་གཅིག་ཀྱང་ངལ་གསོ་མ་བརྒྱབ་པར་ལས་གནས་སུ་བསྐྱོད་ཡོད། བོད་དུ་ལས་ཀ་བྱེད་མཁན་ཞིག་ཡིན་ཕྱིན་ཕར་འགྲོ་ཚུར་ལོག་བྱེད་སྐབས་ས་བབ་མཐོ་ཚད་དང་དབུགས་གནོན་འགྱུར་ལྡོག་གིས་གཟུགས་པོ་མི་བདེ་བ་ཡོང་གི་ཡོད། འོན་ཀྱང་ལྷ་སའི་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་ཉེན་རྟོག་པའི་ལས་གོས་གྱོན་པའི་བྱམས་པ་སྒྲོལ་མ་སྔར་བས་དཔའ་ཉམས་གྲུང་ཤ་དོད་པ་དང་གདོང་ནས་ངལ་དུབ་ཀྱི་སྣང་བ་མི་མངོན་ཞིང་། ཁོང་གིས“ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཞིག་གི་ངོས་ནས་ང་ལ་སྒྱིད་ལུག་བྱེད་པའི་རྒྱུ་མཚན་མེད། ངས་ངང་སྒུག་བྱེད་ལོང་མེད་པར་རང་ཉིད་ལ་ཚོགས་ཆེན་ཐོག་ཐོབ་པའི་གྲུབ་འབྲས་རྣམས་ལས་རོགས་ཚོ་དང་མཉམ་སྤྱོད་བྱ་རྒྱུ་བྱུང་ན་སྙམ་གྱི་འདུག”ཅེས་བརྗོད།
         ལྷ་སར་ལོག་ནས་གཟའ་འཁོར་གཅིག་ཀྱང་མ་སོང་བར་བྱམས་པ་སྒྲོལ་མས་བུད་མེད་རུ་ཆེན་གྱི་ནང་བཞུགས་མོལ་ཚོགས་འདུ་ཐེངས་གཅིག་འཚོགས་ནས་རུ་ཆེན་གྱི་ལས་བྱེད་ཉེན་རྟོག་པར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཆེད་སྤྱོད་ཟིན་བྲིས་དེབ་རེ་མངགས་ཡོད་ལ། ད་དུང“སྐལ་བཟང་མེ་ཏོག་གི་ཆེས་མཛེས་སྡུག་ལྡན་པའི་གདམ་ག”ཞེས་བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་འགྲན་བསྡུར་ཐེངས་གཅིག་ཀྱང་སྤེལ་ཡོད། བུད་མེད་འགྲིམ་འགྲུལ་ཉེན་རྟོག་པ་མི་རེ་ངོ་རེས་རང་ཉིད་ཀྱི་དོན་དངོས་ལས་དོན་ནས་འགོ་བརྩམས་ཏེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་ཟུང་འབྲེལ་བྱས་པའི་མྱོང་ཚོར་གཏམ་བཤད་བྱས་ཡོད།
         མི་དམངས་ཉེན་རྟོག་པ་བསོད་ནམས་ལྷ་མཚོས“སྐལ་བཟང་མེ་ཏོག་ནི་གངས་ལྗོངས་ས་མཐོར་སྐྱེས་པའི་མེ་ཏོག་དཀྱུས་མ་ཞིག་རེད། ཕྱི་ནས་བལྟས་ཚེ་ཉམས་ཆུང་ཞིག་ཏུ་མངོན་མོད། དོན་དངོས་ཐོག་གྲང་ངར་ཁོར་ཡུག་ཁྲོད་འཚར་སྐྱེས་ཐུབ་ཀྱི་ཡོད”ཅེས་བརྗོད། ད་དུང་ཁོང་གིས“ང་རང་སྐལ་བཟང་མེ་ཏོག་ལྟ་བུའི་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་འགྲིམ་འགྲུལ་ལས་གནས་ཐོག་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་བྱུང་བ་ནི་ངའི་མི་ཚེ་འདིའི་གཟི་བརྗིད་ཡིན་པ་མ་ཟད། ངའི་གདམ་ག་ཡག་ཤོས་དེ་ཡང་ཡིན”ཞེས་བརྗོད།
         བྱམས་པ་སྒྲོལ་མས“སྐད་ཆ་དེས་ང་ཚོ་བུད་མེད་འགྲིམ་འགྲུལ་ཉེན་རྟོག་པ་ཚང་མའི་སེམས་གཏིང་གི་སྐད་ཆ་མཚོན་གྱི་ཡོད”ཅེས་བརྗོད་པ་དང་། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཁོ་མོར་སེམས་འགུལ་ཐེབས་ཤོས་ནི“མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ”དེ་ཡིན།
         “‘མི་དམངས’ཞེས་པའི་ཡིག་འབྲུ་གཉིས་དེ་སྙན་སྒྲོན་ནང་ཐེངས་མང་པོ་ཐོན་སོང”ཞེས་བྱམས་པ་སྒྲོལ་མས་བརྗོད་པ་དང་། ཁོང་གིས་ལག་ནང་སྙན་སྒྲོན་ཁྱེར་ནས་རང་ཁྱིམ་གྱི་ནོར་བུ་ལྟ་བུར་བརྩི་གི་ཡོད། “འཐབ་ས་མདུན་མའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་ཞིག་གི་ངོས་ནས་ང་ཚོ་དུས་རྒྱུན་མི་དམངས་མང་ཚོགས་དང་འབྲེལ་བ་ཟབ་ཤོས་ཡིན། ཁྲིམས་འཛིན་སྐབས་ངེས་པར་དུ་བདག་གཞན་བརྗེ་རེས་ཀྱིས་བསམ་བློ་བཏང་ན་གཞི་ནས་མང་ཚོགས་དང་བར་ཐག་ཉེ་རུ་ཕྱིན་ནས་དགོས་མེད་ཀྱི་འགལ་ཟླ་ཡོང་གི་མེད”ཅེས་བརྗོད།
         བྱམས་པ་སྒྲོལ་མས“ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བའི་གོ་སྐབས་དང་བསྟུན་ནས་རུ་ཆེན་ནང་སློབ་སྦྱོང་གི་ཚ་རླབས་འཕྱུར་ཏེ་ཏང་ཡོན་དང་ཉེན་རྟོག་པ་ཞིག་ཡིན་པའི་ཚང་མའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་བརྗོད། ས་མཐོའི་ཐོག་གི་ཞུམ་མེད་མཛེས་སྡུག་ལྡན་པའི“སྐལ་བཟང་མེ་ཏོག”ལྟ་བུའི་འགྲིམ་འགྲུལ་ཉེན་རྟོག་པས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་སྤྱིར་བཏང་གི་ལས་གནས་ཐོག་སླར་ཡང་མདུན་སྐྱོད་བྱེད་འགོ་ཚུགས་ཡོད།