མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་སྲིད་ཇུས་བཟང་པོ་གླུ་རུ་ལེན་པ་དང་གར་ལ་འཁྲབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་གོ་དོན་ཟབ་པས་ཉན་རྗེས་ང་ཚོས་དགའ་བསུ་ཞུས་པ་ཡིན། ལྷག་པར་དུ་དབུལ་སྐྱོར་གྱི་སྐོར་གསུང་སྐབས་ང་ཚོ་ཚང་མ་དགའ་ནས་ཁ་ཟུམ་མི་ཐུབ་པར་གྱུར”ཞེས་ཟླ་11ཚེས་3ཉིན་གྱི་སྔ་དྲོར་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀན་ཤན་ཆུས་མའོ་ཏེན་གྲོང་རྡལ་ཏུང་ཐེན་གྲོང་ཚོའི་གྲོང་མི་རྣམས་ཀྱིས་བརྗོད་པ་བདེ་བའི་གཞས་གཏོང་བཞིན་སྤྲོ་བས་མྱོས། ཉིན་དེར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཀན་ཀྲོའུ་གྲོང་ཁྱེར་རིག་གནས་ཁང་གི་ཀོན་ཀྲང་ལི་ཡོན་ཡོན་གྱིས་གྲོང་མི་རྣམས་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། སྨྱུག་ལེབ་དང་། ལ་གླུ། ཇ་འཐུ་ཟློས་གར། འཁྲབ་ཚན་ཐུང་གྲས་སོགས་རང་སའི་ཁྱད་ཆོས་དོད་པའི་རིག་རྩལ་འཁྲབ་སྟོན་ལས་གྲོང་མི་རྣམས་ཀྱིས་སྤྲོ་སྣང་གི་ཁྲོད་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་གོ་བ་ཟབ་མོ་བླངས་པ་རེད།
     “པེ་ཅིང་ནས་ཚོགས་འདུ་གྲོལ་ཏེ་ཕྱིར་ལོག་རྗེས་ང་ཚོས་ལམ་སེང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་རིག་རྩལ་འཁྲབ་ཚན་ཞིག་རྩོམ་སྒྲིག་བྱས་པ་དང་། དེ་རིང་ཏུང་ཐེན་དུ་ཐོག་མར་འཁྲབ་པ་ཡིན”ཞེས་ལི་ཡོན་ཡོན་གྱིས་ངོ་སྤྲོད་བྱས་བྱུང་།
     གསར་དུ་བསྐྲུན་པའི་གྲོང་ཚོའི་རིག་གནས་ཐང་ཆེན་དུ་ལི་ཡོན་ཡོན་གྱིས་ད་དུང་གྲོང་ཚོའི་ནང་གི་ཏང་ཡོན་མང་ཚོགས་དང་མཉམ་དུ་སྒོར་སྒོར་ངང་བསྡད་དེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་ལྷུག་པོར་གླེང་བ་རེད།
     “ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་འདུག གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ། གྲོང་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་བླང་བྱར་སླེབས་པར་བྱ་རྒྱུ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་ནས་ས་ཞིང་་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཚོད་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་རིང་དུ་གཏོང་རྒྱུ་་སོགས་བཏོན་ཡོད། བྱེད་ཐབས་དེ་དག་རྒྱ་ཆེའི་ཞིང་པར་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་ཡིན”ཞེས་གྲོང་མི་ཚོས་སེམས་ཁུར་ཆེ་ཤོས་བྱེད་པའི་གྲོང་གསེབ་དར་རྒྱས་དང་ས་ཆ་འགན་གཙང་ལེན་སོགས་ཀྱི་གནད་དོན་ལ་ལི་ཡོན་ཡོན་གྱིས་རེ་རེ་བཞིན་འགྲེལ་བཤད་དང་གསལ་བཤད་བྱས།
     “ལོ་འདི་དག་རིང་། ང་ཚོའི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྣུམ་ནག་ལམ་བཏིང་བ་མ་ཟད། ད་དུང་ཉི་ནུས་གློག་སྒྲོན་ཡང་བསྒར་ཡོད། ཏང་དང་སྲིད་གཞུང་གིས་སྲིད་ཇུས་བཟང་པོ་འདི་ལྟ་བུ་མང་པོ་བཏོན་ཁར་ལས་བྱེད་པ་རང་འགུལ་ངང་སྒོ་རྩར་ཡོང་ནས་རོགས་སྐྱོར་བྱེད་པར་བརྟེན། ང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཡིད་ཆེས་སྔར་བས་ཆེ་རུ་སོང”ཞེས་དུད་ཚང་དབུལ་པོ་ཁྲེང་ཏེ་ཡོན་གྱིས་གདེང་ཚོད་ཆེན་པོའི་ངང་བརྗོད་ཅིང་། ཁོང་གིས་གྲོང་ཚོར་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་སྐྲུན་པའི་གོ་སྐབས་ཡག་པོར་བརྟེན་ནས་སྔོ་ཚལ་དང་ཤིང་འབྲས་འདེབས་པ་དང་བྱ་དེ་དང་བྱ་གག་གསོས་ནས་འབབ་འཕར་དབུལ་སྒྲོལ་ཡོང་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།