མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ན་མའི་ཙུང་ཐུང་པ་ལུའེ་ལ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕ་ན་མའི་ཙུང་ཐུང་པ་ལུའེ་ལ་དང་གྲོས་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས་ཙུང་ཐུང་པ་ལུའེ་ལ་ནི་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་མཁན་ཕ་ན་མའི་ཙུང་ཐུང་དང་པོ་དེ་ཡིན་ལ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་མཁན་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་གཙོ་བདག་ཨང་དང་པོ་དེ་ཡང་རེད། ངས་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཁྱེད་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
       པ་ལུའེ་ལས་དེ་རིང་ང་རང་ཕ་ན་མའི་ཙུང་ཐུང་གི་མིང་ཐོག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་བྱེད་རྒྱུ་བྱུང་བས་ལོ་མང་རིང་གི་ངའི་བསམ་འདུན་གྲུབ་སོང་ལ་གཟི་བརྗིད་ལྡན་པའི་ཚོར་སྣང་དང་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། དེ་རིང་ང་རང་ལྕགས་རི་རིང་པོར་འཛེགས་པས་ལྕགས་རི་རིང་པོས་ཀྲུང་གོའི་མི་རིགས་ཀྱི་སྙིང་སྟོབས་དང་འགྱུར་མེད་ཀྱི་གཤིས་རྒྱུད་མཚོན་ལུགས་ཏན་ཏིག་ཚོར་བྱུང་། ཕ་ན་མས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་བསྟར་ནས་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ལུགས་ངས་བསྐྱར་བཤད་ནན་པོ་བྱེད་རྒྱུ་ཡིན་ཞེས་གསུངས།
       ཞི་ཅིན་ཕིང་གིས་ཀྲུང་གོར་ལྕགས་རི་རིང་པོར་མ་འཛེགས་ན། ཕོ་རྒོད་གྲལ་དུ་ག་ལ་ཚུད་ཅེས་པའི་ཤོད་སྲོལ་ཡོད། ཁྱེད་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་ངང་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཆབ་སྲིད་ཀྱི་བློ་ཐག་བཅད་ཡོད་ལ་འཚམས་འདྲི་ཡང་གནང་ཡོད། འདི་ནི་དཔའ་བོ་ཕོ་རྒོད་ཀྱི་རླབས་ཆེའི་བྱ་སྤྱོད་ཅིག་རེད། དེའི་ཐད་ང་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ལོ་རྒྱུས་ཐོག་ཁྱེད་ཀྱི་ལེགས་སྐྱེས་འཁོད་རྒྱུ་རེད་ཅེས་གསུངས། ཞི་ཅིན་ཕིང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ལོ་160ལྷག་ཙམ་མཛའ་གྲོགས་འགྲོ་འོང་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་གཉིས་པོས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཕྱི་འབྲེལ་འབྲེལ་བ་བཙུགས་པས་ཕྱོགས་གཉིས་པོའི་མི་རབས་འགའ་ཞིག་གི་བསམ་འདུན་མངོན་འགྱུར་བྱུང་ཡོད། ད་གིན་ང་ཚོ་དཔུང་པ་མཉམ་གཤིབ་ངང་ལངས་ནས་ཕ་ན་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་སྔ་རྗེས་སུ་དཀྲོལ་བ་རེད། འདི་ནི་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་བྱ་བ་ཞིག་རེད་ལ། འཛམ་གླིང་ལ་གལ་ཆེའི་ཆ་འཕྲིན་ཞིག་བརྒྱུད་སྤྲོད་བྱས་པ་དེ་ནི་ཀྲུང་ཕའི་འབྲེལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཕྱེ་བ་ཞིག་རེད། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནི་བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་རེད། ད་ཆ་ང་ཚོས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་དང་། རྨང་གཞི་འདིང་བ། སྒུལ་ཤུགས་སྣོན་པ་བཅས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་ཁུར་ཡོད་ཅེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་པོས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་པའི་གྲོགས་པོ་ཞིག་བྱེད་དགོས། ཀྲུང་གོའི་འཕེལ་རྒྱས་དང་ཕ་ན་མའི་འབྲེལ་བའི་ཐད་ཁ་ཞེ་གཉིས་མེད་ཀྱིས་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་དང་། ཐུན་མོང་ཐོག་འཕེལ་རྒྱས་མཐའ་འཁྱོངས། སྒོ་འབྱེད་ཁོག་ཡངས་མཐའ་འཁྱོངས་བཅས་བྱེད་དགོས། ཕ་ན་མའི་གྲོགས་པོས་ཀྲུང་གོ་ཕྱོགས་ཀྱི་བྱ་སྤྱོད་དངོས་མཐོང་ངེས་རེད། ཕྱོགས་གཉིས་པོས་འཕེལ་རྒྱས་འབྲེལ་བའི་བྱེད་པོའི་སྒྲོམ་གཞི་གང་མགྱོགས་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་སྦྲེལ་མཐུད་སྔར་བས་བྱས་ཏེ་ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་ཏང་། ས་གནས་སོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་དེ་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ཐོག་གཅིག་སྒྲིལ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་མཉམ་ཤུགས་ཤུགས་ཆེན་ཆགས་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་འདི་ཉིད“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མེད་དུ་མི་རུང་བའི་ཞུགས་མཁན་ཕྱོགས་གལ་ཆེན་ཞིག་ཏུ་རྩི་གི་ཡོད་པས། ཕ་ན་མ་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་ལ་ཏིང་མེ་གླིང་དུ་རང་བྱུང་རྒྱ་བསྐྱེད་གཏོང་བའི་ཁུལ་གལ་ཆེན་ཞིག་ཏུ་འགྱུར་ཆོག་ཅེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད་ཅེས་ངས་ནན་བཤད་བྱས་ཡོད། དོན་དངོས་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་ཀྲུང་གོའི་ཕུགས་འདུན་གཅིག་རྒྱུན་གཅིག་འཛིན་རེད། ཀྲུང་གོའི་ཕུགས་འདུན་ནང་ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པའི་སྤྱིའི་བགོ་གྲངས་ཆེ་ཤོས་འདུས་ཡོད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ལ་རེ་འདོད་བྱེད་པའི་སྤྱིའི་བགོ་གྲངས་ཆེ་ཤོས་འདུས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
       པ་ལུའེ་ལ་ཡིས་ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྔོན་མོའི་ཆུ་ལས་རིང་བ་ཡོད། ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་བྱས་པར་ཕ་ན་མའི་མི་དམངས་ཀྱིས་མོས་མཐུན་རྦད་དེ་བྱེད་ཀྱི་ཡོད། དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ་ཕ་ན་མའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་བར་ཡང་སྐུལ་འདེད་ཐུབ་རྒྱུ་རེད། ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ཟླ་5སོང་ཚུན། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་འཕེལ་རིམ་གལ་ཆེན་བྱུང་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། དེ་ལས་ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནི་ཡང་དག་པའི་གཏན་འབེབས་ཤིག་ཡིན་པ་སླར་ཡང་ར་འཕྲོད་ཐུབ་ཡོད། ང་རང་ད་ཐེངས་འཚམས་འདྲིར་ཡོང་བ་བརྒྱུད་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད། ཕ་ན་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་བྱེད་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་དང་ཕན་ཚུན་བརྩེ་སེམས་ཟབ་ཏུ་འགྲོ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཉོ་ཚོང་དང་། མ་འཇོག དངུལ་རྩ། དམངས་འཚོ། དབུལ་པོ་ཉུང་གཏོང་། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་ཕྱོགས་མང་ཁུལ་དུ་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཕ་ན་མ་ལ་ཏིང་མེ་གླིང་གི་ཀྲུང་གོའི་གྲོགས་པོ་གལ་ཆེན་ལ་གྱུར་པར་བྱས་ནས་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་རླབས་ཆེན་གྲོས་འགོར་ཕ་ན་མ་ཕྱོགས་ཀྱིས་རྒྱབ་སྐྱོར་ཧུར་ཐག་ཞུས་ནས་རང་ངོས་ཀྱི་དམིགས་བསལ་ཁུལ་བབ་ཀྱི་ལེགས་ཆ་སྤྱད་དེ་མཚོ་ཐོག་དར་གོས་ལམ་བུའི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་གྲུ་ཁ་དང་། མཚོ་དོན། མཚོ་ཐོག་སྐྱེལ་འདྲེན། ལྕགས་ལམ། ཟོག་འགྲེམས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཏིང་མེ་གླིང་དུ་རྒྱ་བསྐྱེད་བཏང་ནས་འཛམ་གླིང་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།
      པ་ལུའེ་ལ་ཡིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་གནང་བའི་མི་དམངས་ལྟེ་བར་འཛིན་པའི་མཛད་ཕྱོགས་སྲིད་ཇུས་ལ་ཁས་ལེན་རྦད་དེ་ཞུ་རྒྱུ་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སྒྲོལ་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་ཀྲུང་གོ་མི་དམངས་ཀྱི་གཞོམ་ཞིག་མེད་པའི་སྙིང་སྟོབས་ལ་ཡི་རང་ཞུ་རྒྱུ་ཡིན་ཞེས་གསུངས།
       ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ཐུགས་གྲ་ལེགས་འགྲིག་བྱུང་བ་དེས་སླད་ཕྱིན་གྱི་2050ལོ་བར་གྱི་རྒྱལ་ཁབ་ཀྱི་འཕེལ་རྒྱས་གཏན་འཁེལ་བྱེད་པའི་ཐད་དམིགས་ཚད་དང་ལམ་རིས་ཁ་གསལ་བཀོད་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་འོད་སྟོང་འཕྲོ་བ་ཞིག་ཡོད། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་གཏན་འབེབས་བྱས་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་སྔར་བས་ར་འཕྲོད་ཐུབ་ངེས་རེད་ཅེས་མཛུབ་སྟོན་གནང་བ་རེད།