མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་དབྱི་ཡིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི་སྐོར་ལ་ཀྲུང་གོ་དང་ཕྱི་
རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་3ཚེས་8ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་། གདན་ཞུས་ལྟར་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི་སྐོར་ལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། ཝང་དབྱིས་2018ལོ་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཞིག་རེད། ཀྲུང་གོའི་ཕྱི་འབྲེལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བྱས་རྗེས་གསར་པ་འཇོག་པ་དང་རྣམ་པ་གསར་པ་མངོན་པར་བྱ་རྒྱུ་རེད། འདི་ལོ་ཀྲུང་གོའི་ཕྱི་འབྲེལ་གྱི་བཀྲག་མདངས་འཚེར་ས་དེ་ཚོགས་ར་གཙོ་བོའི་བྱེད་སྒོ་བཞིའི་ཐོག་ནས་གཙོ་བོར་མངོན་པར་བྱ་རྒྱུ་སྟེ།
         གཅིག་ནི་ཟླ་4པར་ཧའེ་ནན་དུ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་འཚོག་རྒྱུ་དང་བརྗོད་དོན་གཙོ་བོ་ནི་སྒྱུར་བཅོས་སྒོ་འབྱེད་རེད། འདི་ལོ་ཀྲུང་གོར་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བ་དང་ཏག་ཏག་འཁེལ་བས་སྐབས་འདིའི་ལོ་ཚོགས་ཐོག་སྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་དུས་རབས་གསར་པར་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་རྒྱ་ཆེར་འབྱེད་པའི་རྣམ་པ་གསར་པ་མངོན་པ་བྱ་རྒྱུ་དང་།
        གཉིས་ནི་ཟླ་6པར་ཆིང་ཏའོ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་འཚོག་རྒྱུ་དང་བརྗོད་དོན་གཙོ་བོ་ནི“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་རྒྱུ་རེད། ཚོགས་ཁོངས་རྒྱལ་ཁབ་མང་དུ་བཏང་རྗེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་བཀུར། ཐུན་མོང་འཕེལ་རྒྱས་བཅས་ཡོང་བར་བྱེད་པའི“ཧྲང་ཧའེ་ཡི་སྙིང་སྟོབས”བསྐྱར་དྲན་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་འགོ་འཛུགས་རྒྱུ།
        གསུམ་ནི་ཟླ་9པར་པེ་ཅིང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་དབར་གྱི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་འཚོག་རྒྱུ་དང་བརྗོད་དོན་གཙོ་བོ་ནི“རྒྱུད་གཅིག་ལམ་གཅིག”རེད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་གི་གཅེན་གཅུང་མིང་སྲིང་ཚོས་དབུ་ཚོགས་གོ་སྐབས་སུ་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཕྱོགས་ཡོངས་ནས་ཞུགས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གསོན་ཤུགས་གསར་པ་བསྣན་རྒྱུ།
        བཞི་ནི་ཟླ་11པར་ཧྲང་ཧའེ་རུ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་མ་དེ་འཚོག་རྒྱུ་དང་བརྗོད་དོན་གཙོ་བོ་ནི་ཁྲོམ་རའི་སྒོ་འབྱེད་རེད། ཀྲུང་གོས་འཛམ་གླིང་ལ་ལག་ཟུང་བརྐྱངས་ནས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་མངོན་པར་བྱས་ཏེ་རྒྱལ་ཁབ་ཁག་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པའི་ནང་ཞུགས་པ་དང་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་བཅས་རེད།
         ཝང་དབྱིས་2018ལོར་ཁེ་སྐྱོང་སྲུང་སྐྱོབ་ལས་དོན་དེ་ཕྱི་རྒྱལ་གྱི་དུས་བདེའི་མ་ལག་གཏོད་པའི་འགྲོ་ལམ་ཐོག་མུ་མཐུད་བསྒྲུབ་རྒྱུ་རེད། ངས་འདིར་དམངས་ཕན་གྱི་གཏམ་བཟང་གསུམ་ཁྱབ་བསྒྲགས་བྱ་རྒྱུ་སྟེ།
        དང་པོ་ནི་ཕྱི་འབྲེལ་པུས་ཁེ་སྐྱོང་བར་སྲུང་སྐྱོང་དང་གཞོགས་འདེགས་བྱེད་པའི་ཁྲིམས་འཛུགས་ལས་དོན་ལ་སྐུལ་མ་གཏོང་བཞིན་ཡོད་པས“ཚོགས་འདུ་གཉིས”ཀྱི་རྗེས་སུ་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པས་ཚང་མས་ཧུར་ཐག་ཞུགས་ནས་བསམ་འཆར་རྩ་ཆེན་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་དང་།
        གཉིས་པ་ནི་ང་ཚོས་ཤར་གཏོང་ཐུབ་ཟིན་པའི་ཀྲུང་གོའི་ཁེ་སྐྱོང་ཞབས་ཞུའི་དྲ་བ་དང་། 12308སྐད་འཕྲིན་དྲ་ངོས། “ཁེ་སྐྱོང་བའི་འབོད་སྒྲ”ཞེས་པའི་དཔོད་ཆུང་སོགས་ལས་སྟེགས་ཀྱི་རྨང་གཞིའི་ཐོག་12308ཀྱི་ལག་ཐོགས་ཁ་པར་གྱི་APPཁྱབ་གདལ་མགྱོགས་མྱུར་བཏང་ནས་ཚང་མར་སྔར་བས་སྟབས་བདེ་བའི་ཞབས་འདེགས་ཞུ་རྒྱུ།
        གསུམ་པ་ནི་ཚེས་9ཉིན་ནས་འགོ་བཙུགས་ཏེ་ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་ཚང་མས་ཀྲུང་གོའི་སྤྱི་དམངས་ཀྱིས་ཁེ་སྐྱོང་གི་དཔང་བདེན་ར་སྤྲོད་གཉེར་བའི་འགྲོ་གྲོན་གཅིག་གྱུར་ཐོག་དམའ་རུ་ཤུགས་ཆེན་བཏང་ནས་གཅོག་ཚད་གསུམ་ཆ་གཉིས་ཟིན་རྒྱུ་རེད། ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོར་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ལ་མི་དམངས་ཤོག་སྒོར་ཁྲི་སྟོང་གྲོན་ཆུང་ཐུབ་རྒྱུ་བཅས་རེད།