མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་
འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་
འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུ་ཟླ་4ཚེས་20དང་21ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཆ་འཕྲིན་ཅན་དུ་འགྱུར་བ་དེས་ཀྲུང་ཧྭ་མི་རིགས་ལ་ཐོབ་པར་དཀའ་བའི་གོ་སྐབས་ཆེན་པོ་འཕྲད་ཡོད། ང་ཚོས་ངེས་པར་དུ་ཚོར་སྣང་སྐྱེན་པོས་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དམ་དུ་བཟུང་སྟེ་དྲ་རྒྱའི་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱས་ནས་ཆ་འཕྲིན་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་ཚད་བརྒལ་ཡོང་བར་སྐུལ་མ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཆ་འཕྲིན་ཅན་གྱི་ནུས་པ་འདོན་སྤེལ་གྱིས་དྲ་འཕྲིན་ཁྱབ་ཁོངས་ཀྱི་དམག་དམངས་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་དང་རང་རྟོགས་ངང་དྲ་རྒྱའི་བར་མཐོངས་ཀྱི་རྒྱལ་སྤྱིའི་བཅོས་སྒྲིག་གི་འཕེལ་རིམ་ནང་ཞུགས་ཏེ་རང་བརྟེན་གསར་གཏོད་ངང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུར་སྐུལ་མ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཞི་ཅིན་ཕིང་གི་གསུང་བཤད་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་དྲ་རྒྱར་མཐོང་ཆེན་དང་། དྲ་རྒྱ་འཕེལ་རྒྱས་གཏོང་བ། དྲ་རྒྱ་བཅོས་སྐྱོང་བྱས་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། དམག་དོན་སོགས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་དང་དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན་གལ་ཆེན་སྤྱི་འདོམས་ངང་མཐུན་སྦྱོར་བྱས་ཏེ་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་དང་བྱ་ཐབས་གལ་ཆེན་མང་པོ་བཏོན་ནས་དྲ་འཕྲིན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་དེ་དག་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་གིས་དྲ་འཕྲིན་ལས་དོན་ལ་གཅིག་སྡུད་གཅིག་གྱུར་ངང་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་ཐབས་ཇུས་དང་དྲ་འཕྲིན་ལས་དོན་ལ་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ནི་ཡོངས་སུ་ཡང་དག་པ་ཞིག་ཡིན་པ་གསལ་བཤད་གང་ལེགས་ཐུབ་ཡོད། ང་ཚོས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད་བྱ་རྒྱུར་སྐུལ་མ་རྒྱུན་མི་ཆད་པར་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དྲ་རྒྱ་བཅོས་སྐྱོང་གི་འགྲོ་ལམ་ཐོག་བསྐྱོད་པ་མ་ཟད། དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དགོངས་པ་ཞིག་ཆགས་ཡོད་ཅེས་ནན་གསུངས་གནང་བ་རེད།
        ཞི་ཅིན་ཕིང་གིས་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་ནས་ཏང་ཨུད་ཀྱིས་འགོ་འཁྲིད་པ་དང་། སྲིད་གཞུང་གིས་དོ་དམ་བྱེད་པ། ཁེ་ལས་ཀྱིས་འགན་འཁྲི་སྒྲུབ་པ། སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། དྲ་དམངས་ཀྱིས་རང་གཅུན་རང་འདོམས་བྱེད་པ་སོགས་བྱེད་པོ་མང་པོ་ཞུགས་ཤིང་། དཔལ་འབྱོར་དང་། ཁྲིམས་ལུགས། ལག་རྩལ་སོགས་ཕྱོགས་མང་པོའི་ཐབས་ལམ་དང་ཟུང་དུ་སྦྲེལ་བའི་ཕྱོགས་བསྡུས་ངང་དྲ་རྒྱ་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་དང་། དྲ་རྒྱའི་ཐོག་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་སྟོན་ཕྱོགས། རིན་ཐང་གི་འཕེལ་ཕྱོགས་བཅས་དར་ཆ་གསལ་སྟོན་ངང་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་བརྟེན་ནས་དྲ་དམངས་དུང་ཕྱུར་དུ་མ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གོང་བུ་གཅིག་ཏུ་འགྲིལ་ནས། ཕུགས་བསམ་གྱི་དད་སེམས་སློབ་གསོ་གཏིང་ཟབ་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་བ། དྲ་རྒྱའི་ཐོག་ནས་དྲིལ་བསྒྲགས་བྱེད་པའི་འདུ་ཤེས་དང་། ནང་དོན། རྣམ་པ། བྱ་ཐབས། བྱེད་ཐབས་བཅས་གསར་གཏོད་བྱ་རྒྱུར་སྐུལ་མ་བཏང་སྟེ་དུས་ཚད་ཕན་གསུམ་སྟངས་འཛིན་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་དྲ་ཐོག་དང་དྲ་ཕྱིའི་ཀུན་སེམས་གཅིག་ཏུ་བསྒྲིལ་བ་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། དྲ་རྒྱའི་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་དྲ་རྒྱ་དེ་ཉིད་ནང་དོན་ལོག་པའི་ཆ་འཕྲིན་བརྒྱུད་སྤེལ་དང་དཀྲོག་གཏམ་བཟོ་སའི་ལས་སྟེགས་ཤིག་ཏུ་གཏན་ནས་མི་འགྱུར་བ་བྱེད་དགོས། དྲ་རྒྱའི་ལས་རིགས་ཀྱི་རང་འདོམས་ལ་ཤུགས་སྣོན་བརྒྱབ་ནས་དྲ་དམངས་ཀྱི་ཧུར་སེམས་སྐོང་འཐེན་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱེད་དགོས་ཞེས་གསུངས།
         ཞི་ཅིན་ཕིང་གིས་དྲ་རྒྱའི་བདེ་འཇགས་མེད་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་མེད་ལ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་བྱེད་ཐབས་བྲལ་བ་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཡང་འགན་ལེན་བྱེད་པར་དཀའ། ཡང་དག་པའི་དྲ་རྒྱའི་བདེ་འཇགས་ཀྱི་ལྟ་བ་ཆགས་པ་བྱས་ནས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱའི་བདེ་འཇགས་འགོག་སྲུང་བྱ་རྒྱུར་ཤུགས་སྣོན་དང་། དྲ་རྒྱའི་བདེ་འཇགས་ཀྱི་ཆ་འཕྲིན་སྤྱི་འདོམས་ཀྱི་ལམ་སྲོལ་དང་། བྱ་ཐབས། ལས་སྟེགས་བཅས་བསྐྲུན་རྒྱུར་ཤུགས་སྣོན། དྲ་རྒྱའི་བདེ་འཇགས་ཀྱི་དོན་རྐྱེན་ལ་འཕྲལ་སྡོམ་ངང་བཀོད་འདོམས་བྱེད་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དྲ་རྒྱའི་བདེ་འཇགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འགག་སྒོ་མདུན་ངོས་སུ་སྤོས་ནས་མ་འབྱུང་སྔོན་འགོག་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
         ཞི་ཅིན་ཕིང་གིས་ལྟེ་བའི་ལག་རྩལ་ནི་རྒྱལ་ཁབ་ཀྱི་འགག་རྩ་ཡིན་པས་སེམས་ཐག་གཙང་བཅད་དང་། སྙིང་རུས་རྒྱུན་འཁྱོངས། གཙོ་གནད་གནད་འཁེལ་གྱི་སྒོ་ནས་ཆ་འཕྲིན་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་ཚད་བརྒལ་ཡོང་བར་སྐུལ་འདེད་མགྱོགས་སུ་གཏོང་དགོས། ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱས་ནས་ལག་རྩལ་དང་། ཐོན་ལས། སྲིད་ཇུས་བཅས་ཀྱི་ཐད་ནས་མཉམ་དུ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས།
         ཞི་ཅིན་ཕིང་གིས་དྲ་རྒྱ་དང་ཆ་འཕྲིན་བྱ་གཞག་གིས་ཐོན་སྐྱེད་ནུས་ཤུགས་གསར་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་མཚོན་པས་འཕེལ་རྒྱས་གཏོང་བའི་འདུ་ཤེས་གསར་པ་ལག་ལེན་བསྟར་རྒྱུར་གོམ་སྟབས་སྔོན་ལ་སྤོས་ཐོག་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་དམིགས་ཏེ་ཆ་འཕྲིན་ཅན་འཕེལ་རྒྱས་མགྱོགས་སུ་བཏང་ནས་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གསར་པ་འཕེལ་རྒྱས་ཡོང་བར་སྤྱི་ཡོངས་ནས་སྣེ་ཁྲིད་དང་རིམ་སྤོར་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
         ཞི་ཅིན་ཕིང་གིས་དྲ་རྒྱ་དང་ཆ་འཕྲིན་ཐད་དམག་དམངས་མཉམ་འདྲེས་བྱ་རྒྱུ་ནི་དམག་དམངས་མཉམ་འདྲེས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འཐབ་ས་མདུན་མའི་ཁྱབ་ཁོངས་ཤིག་ཡིན་ལ་དམག་དམངས་མཉམ་འདྲེས་བྱ་རྒྱུར་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཁྱབ་ཁོངས་ཤིག་ཀྱང་རེད་ཅེས་གསུངས།
         ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་ནི་དུས་ཀྱི་འཁོར་ཕྱོགས་དང་མི་སེམས་གཏད་ཕྱོགས་ཤིག་རེད། རྒྱལ་སྤྱིའི་དྲ་རྒྱའི་བར་མཐོངས་བཅོས་སྐྱོང་བྱེད་པར་ཕྱོགས་མང་པོ་མཉམ་ཞུགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། དྲ་རྒྱའི་ཁེ་ལས། ལག་རྩལ་ཚོགས་སྤྱི། དམངས་ཁྲོད་སྒྲིག་གཞི། སྤྱི་དམངས་མི་སྒེར་སོགས་བྱེད་པོ་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་དྲ་འཕྲིན་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དྲ་འཕྲིན་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་འགན་ལེན་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དྲ་འཕྲིན་ལས་དོན་ལ་མཐོང་ཆེན་པོ་བྱས་ནས་དེ་གཙོ་གནད་ལས་ཀའི་འཆར་འགོད་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་གནད་དོན་དང་གནས་ཚུལ་གསར་པ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་སྤྱིའི་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཁེ་ལས་དང་། ཚན་ཞིབ་སློབ་གླིང་། ཇུས་འདོན་ཚོགས་པ་སོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཕྱར་བ་གྲུ་འདེགས་ངང་དྲ་འཕྲིན་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པོ་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་གནང་སྟེ་དྲ་འཕྲིན་བྱ་གཞག་དང་འབྲེལ་བའི་ཡུན་རིང་འཕེལ་རྒྱས་འགྲོ་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་གནང་བ་དེས། ཆ་འཕྲིན་གསར་བརྗེའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། དྲ་རྒྱའི་རྒྱལ་ཁབ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་ལ་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པས་གལ་ཆེ་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།