མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕ་ན་མའི་ཙུང་ཐུང་པཱ་ལུའེ་ལཱ་ཕན་ཚུན་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ན་མའི་ཙུང་ཐུང་ཧུའུ་ཨན་·ཁ་ལོ་སི་·པཱ་ལུའེ་ལཱ་ཕན་ཚུན་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུས་པ་རེད།
          ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ན་ནིང་གི་ཟླ་བ་དྲུག་པར་ཀྲུང་གོ་དང་ཕ་ན་མའི་དབར་དངོས་སུ་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྩིས་ལོ་གསར་པ་འགོ་ཚུགས་ཡོད། ན་ནིང་གི་ཟླ་བ་བཅུ་གཅིག་པར་ཁྱེད་ཀྱིས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་ནས་ཀྲུང་གོ་དང་ཕ་ན་མའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ཐད་མཉམ་དུ་གྲོས་བསྡུར་དང་འཆར་འགོད་གནང་ཡོད། ཕྱོགས་གཉིས་པོས་ཞིབ་མོའི་བློ་ཡིས་གསོ་སྐྱོང་བྱས་པ་བརྒྱུད་ཀྲུང་གོ་དང་ཕ་ན་མའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་མྱུ་གུ་འབུས་ནས་འབྲས་བུ་སྨིན་བཞིན་ཡོད། དོན་དངོས་ཀྱི་ཐོག་ནས་ར་སྤྲོད་ཐུབ་པ་ནི་ཀྲུང་ཕ་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་དེ་ཕྱོགས་གཉིས་པོས་མཐོ་འཛེགས་རྒྱང་གཟིགས་གནང་ནས་ཆབ་སྲིད་ཀྱི་ཡང་དག་པའི་ཐུགས་ཐག་བཅད་པ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མགྲིན་གཅིག་ཏུ་བརྩི་བཀུར་ཐོབ་ཡོད། ངས་ཀྲུང་ཕ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། མཉམ་ལས་གཉིས་ཁེ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་སྐྱོང་བཞིན་དུ་ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཕའི་འབྲེལ་བ་དར་རྒྱས་གོང་འཕེལ་གཏོང་བ་དང་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
         པཱ་ལུའེ་ལཱ་ཡི་རྟེན་འབྲེལ་འཕྲིན་ཡིག་ནང་ལོ་གཅིག་རིང་ཕ་ཀྲུང་གིས་སྲོལ་རྒྱུན་གྱི་མཛའ་གྲོགས་དང་ད་ལྟའི་མཉམ་ལས་ཀྱི་རྨང་གཞིའི་ཐོག་ཐུན་མོང་གི་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱབ་ལྗོངས་དེའི་འོག་ཕྱོགས་གཉིས་པོར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་གཅིག་འཁོར་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་བསུས་ཡོད། ང་རང་ངོ་མ་ཕ་ཀྲུང་འབྲེལ་བ་འགོ་འཛུགས་པ་དང་མདུན་སྐྱོད་བྱེད་འགོ་ཚུགས་པའི་ནང་ཞུགས་ཐུབ་པར་སྤོབས་པ་ཆེན་པོ་བྱུང་། སླད་ཕྱིན་ཁྱབ་རྒྱ་ཆེ་ཤོས་ཀྱི་ཁྱབ་ཁོངས་ནང་ཕ་ཀྲུང་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུར་མུ་མཐུད་སྤྲོ་སེམས་ཆེན་པོའི་ངང་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།