མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁྲིམས་སྐྱོང་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་དེ་ཚད་གཞི་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་23ཉིན། 20:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ལོ་མང་རིང་མི་རྣམས་ཀྱི་བསམ་བློར་སྒྱུར་བཅོས་ནི་བསམ་བློར་བཅིངས་འགྲོལ་བཏང་ནས་སྲོལ་རྙིང་ལས་ཚད་བརྒལ་བྱེད་ཕོད་པ་དང་བློ་རྒྱ་ཆེར་བསྐྱེད་ཀྱིས་བཀག་རྒྱ་ལས་ཚད་བརྒལ་བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན“སྒྱུར་བཅོས་ཆེན་པོ་གང་ཞིག་བྱེད་རུང་ཁྲིམས་དང་མཐུན་པ་དང་གཞི་འཛིན་ས་ཡོད་པའི”ཐོག་ནས“ཁྲིམས་སྐྱོང་གི་ལམ་བུའི་ཐོག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་འགན་ལེན”བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་སྒྱུར་བཅོས་ལ“ཁྲིམས་སྐྱོང་གི་ཚད་གཞི”གཏན་འཁེལ་གནང་བ་དེས་འཛམ་གླིང་ཐོག་བག་ཆགས་ཟབ་མོ་བཞག་ཡོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་གཉེར་གྱི་འཐབ་ཇུས་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དེ“འདབ་ཆགས་ཀྱི་གཤོག་ཟུང”དང“འཁོར་རིགས་ཀྱི་འཁོར་གཉིས”ལྟ་བུར་བརྩི་བ་དང་གོང་འོག་སྦྲེལ་མཐུད་བྱེད་པའི“ཆ་སྦྲེལ་རྩོམ་ཡིག”ལ་གྱུར་བས་རང་རེའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཐེབས་བཞིན་ཡོད།
         ཕྱིར་མིག་ལྟ་སྐབས་རྒྱལ་སྐྱོང་སྲིད་གཉེར་གྱི་གཙོ་རྐང་ཞིག་གསལ་པོ་མཐོང་ཐུབ། 2012ལོའི་ཟླ་བཅུ་གཉིས་པར་འགན་བཞེས་ནས་ཟླ་གཅིག་མ་སོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་སའི་ལས་རིགས་ཁག་གིས་ད་ལྟ་ལག་ལེན་བསྟར་བའི་རྩ་ཁྲིམས་ལག་ལེན་བསྟར་རྒྱུ་ཁྱབ་བསྒྲགས་བྱས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག“ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་དགོས་པ་དང་ཁྲིམས་ལྟར་སྲིད་འཛིན་བྱེད་པར་འགག་རྩ་ནི་རྩ་ཁྲིམས་ལྟར་སྲིད་འཛིན་དགོས”ཞེས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་། 2013ལོའི་ཟླ་གསུམ་པར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་མ་ཐག་པའི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་ལ“རང་ཉིད་ཀྱིས་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་བློ་དཀར་སེམས་དཀར་ངང་ལག་ལེན་བསྟར་རྒྱུ་ཡིན”ཞེས་བརྗིད་རླབས་ངང་དམ་བཅའ་བཞག་གནང་བ་རེད། རྣམ་པ་གཅིག་མཚུངས་མིན་ཡང་རྣམ་འགྱུར་གཅིག་མཚུངས་ཡིན་པ་ནི་བཅའ་ཁྲིམས་ལ་བརྩི་འཇོག་དང་ཁྲིམས་སྐྱོང་ནན་པོ་བྱ་རྒྱུ་དེ་ངེས་པར་དུ་ཁོང་དུ་ཡག་པོ་ཆུད་དགོས་པའི་སྲིད་སྐྱོང་གི་འགག་གནད་ཅིག་ཡིན་པ་དེ་རེད། ཁྲིམས་སྐྱོང་ལག་བསྟར་ལོ་30དང་ཁྲིམས་སྐྱོང་འཚོལ་ཞིབ་ལོ་གཉིས་ལྷག་ཙམ་བྱས་པ་བརྒྱུད་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་ཆེན་པོ་དེ་གཅིག་སྡུད་ཀྱིས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ཇུས་གཞི་གསར་པ་ཞིག་འཆར་འགོད་བྱེད་པ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱེད་པར་ལམ་ཚད་རྡོ་རིང་གསར་པ་ཞིག་གཏན་འཁེལ་བྱས་ཡོད།
         སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དེ་ལོ་ངོ་སྟོང་ཕྲག་གི་མིས་སྐྱོང་བའི་སྲོལ་རྒྱུན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཀྲུང་གོའི་ངོས་ནས་བརྗོད་ན་རྒྱལ་ཁབ་བཅོས་སྐྱོང་ཁྱབ་ཁོངས་ནང་གི་ཁྱབ་རྒྱ་ཆེ་ལ་གཏིང་ཟབ་པའི་གསར་བརྗེ་ཞིག་ཡིན་པ་སྨོས་ཅི་དགོས། “བཅའ་ཁྲིམས་ཕུད་པའི་དབང་ཆ་ཞིག་རྩ་བ་ནས་མེད”ཅེས་ཡོངས་བསྒྲགས་བྱས་ནས་ཁྲིམས་སྐྱོང་གི་དབང་གྲགས་མཚོན་པར་བྱེད་པ་དང་། “སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་ཇི་འདྲ་བཏང་ནའང་ཡང་ཁྲིམས་སྐྱོང་འཛུགས་སྐྱོང་དེ་དང་མཚུངས་པ་བྱེད་དགོས”ཞེས་ནན་བཤད་བྱས་ནས་ཁྲིམས་སྐྱོང་གི་སྟོབས་ཤུགས་འདོན་སྤེལ་བྱེད་པ། ཁྲིམས་འཛིན་གྱི་གྱོད་གཞི་ཚང་མའི་ནང“མི་དམངས་མང་ཚོགས་རྣམས་ལ་དྲང་གཞག་དང་དྲང་བདེན་ཚོར་ཐུབ་པ་བྱེད་དགོས་པའི”ཁ་ཏ་བསླབ་བྱ་བྱས་ནས་ཁྲིམས་སྐྱོང་གི་ལག་ལེན་འཐུས་ཚང་དུ་གཏོང་བ། “འགོ་ཁྲིད་ལས་བྱེད་པས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་དཔེ་བཟང་བྱེད་དགོས་པའི”བླང་བྱ་བཏོན་ནས་ཁྲིམས་སྐྱོང་གི་དད་མོས་གསར་གཏོད་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་བཏོན་གནང་བ་དེས་ཁྲིམས་སྐྱོང་གི་རྣམ་པ་རྒྱ་ཆེ་དང་། ཁྲིམས་སྐྱོང་གི་སྙིང་དོན་ཕུན་སུམ་ཚོགས་སུ། ཁྲིམས་སྐྱོང་གི་ཁྱབ་རྒྱ་ཆེ་རུ་བཅས་བཏང་བས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་བསམ་བློའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དེ་ཚད་གཞི་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།
         སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དེ་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གྱི་ལྷུ་ལག་ཅིག་ཏུ་གཏན་འཁེལ་བྱས་པ་དེ་ཐོག་ནས་ཁྲིམས་ལྟར་རྒྱལ་སྐྱོང་དེ“མྱུར་བགྲོད་ལམ་བུར”སྐྱོད་པ་མཚོན་ཞིང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་དང་ཁྲིམས་ལྟར་རྒྱལ་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་སྐྱོང་ཟུང་འབྲེལ་བྱེད་པ་སོགས་ནི་མཐོ་རིམ་ཇུས་འགོད་ཀྱི་ཐོག་ནས་ཁྲིམས་སྐྱོང་གི་གཅིག་གྱུར་རང་བཞིན་གྱི་གནད་དོན་ལ་ལན་བཏབ་པ་དང་། “ཁྲིམས་སྐྱོང་གི་མ་ལག་ཆེ་ཁག་ལྔ”དང་།“ཐུན་མོང་ཐོག་སྐུལ་གཏོང་གསུམ” “གཞི་གཅིག་ཅན་འཛུགས་སྐྱོང་གསུམ”བཅས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་གི་ཐོག་ནས་ཁྲིམས་སྐྱོང་མཐུན་སྦྱོར་རང་བཞིན་གྱི་གནད་དོན་ལ་ལན་བཏབ་པ། “ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། གཞུང་དྲང་ངང་ཁྲིམས་འཛིན། དམངས་ཡོངས་ཁྲིམས་སྲུང”བཅས་ལས་དེའི་ནང་ཞུགས་མཁན་གཙོ་གཟུགས་ཀྱི་ཐོག་ནས་ཁྲིམས་སྐྱོང་གི་བརྒྱུད་རིམ་རང་བཞིན་གྱི་གནད་དོན་ལ་ལན་བཏབ་པ་བཅས་རེད། ལྷག་དོན་དུ་གཞི་རྩའི་གནད་དོན་ཡིན་པའི་ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་སྐྱོང་གི་འབྲེལ་བར་ལན་བཏབ་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན་པས་ཁྱོན་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་གནས་བབ་ཏུ་གནས་པ་གསལ་སྟོན་བྱེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དེ་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་ཏང་གི་འགོ་ཁྲིད་དེ་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་བརྟེན་དགོས་པ་ནན་བཤད་ཀྱང་བྱས་ཡོད། ཁྲིམས་སྐྱོང་ལ་ངོས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ་དེ་ཁྲིམས་འཛིན་ཏང་གིས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རང་གིས་རང་ཚད་བརྒལ་དང་རང་གིས་རང་མཐོར་གཏོང་བྱེད་པ་ཞིག་རེད།
         སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དེ་དེང་སྐབས་ཀྲུང་གོ་འདི་ཉིད་འཕེལ་རྒྱས་གཏོང་བའི་འཆར་འགོད་ནང་བཅུག་ཚེ་གཞི་ནས་འཐབ་ཇུས་བཀོད་སྒྲིག་དེའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་མྱོང་ཚོར་བྱེད་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་གང་ཞིག་བྱེད་རུང་་ཁྲིམས་སྐྱོང་ནི་སྒྲོམ་གཞི་དང་། ཁྲིམས་སྐྱོང་ནི་འདེགས་སྐྱོར་། ཁྲིམས་སྐྱོང་ལ་བརྟེན་ནས་ཁྱབ་པ་བཅས་བྱེད་ཀྱི་ཡོད། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་ནས་དམངས་འཚོའི་བྱ་གཞག་རིམ་བཞིན་འཐུས་ཚང་དུ་གཏོང་བའི་བར་དང་བློ་གཤོགས་ཆེན་པོས་དཔལ་འབྱོར་སྒྱུར་བཅོས་བྱེད་པ་ནས་ལྕགས་ལ་ཤུལ་ཐོན་པ་ལྟར་ཏང་འཛུགས་སྐྱོང་བྱེད་པའི་བར་ཁྲིམས་སྐྱོང་གིས་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། གལ་སྲིད་རྒྱལ་སྐྱོང་དེ་དེབ་ཐེར་ཆེན་པོ་ཞིག་ལ་དཔེ་བཞག་ཚེ་ཁྲིམས་སྐྱོང་ནི་རྩ་གནད་ཡིན་པས་རྩ་གནད་བསྲུངས་རྗེས་རྩོམ་ཡིག་བདེ་བླག་ཡོང་ཐུབ་པ་དང་རྩ་གནད་བཟུང་ན་ཡན་ལག་ཐོན་ཐུབ། བཅོས་སྐྱོང་གི་མ་ལག་ཁྲོད་ཁྲིམས་སྐྱོང་མ་ལག་དེ་འགག་རྩའི་ལྷུ་ལག་ཅིག་ཏུ་གྱུར་པ་དང་བཅོས་སྐྱོང་བྱེད་ནུས་ཁྲོད་ཁྲིམས་ལྟར་རྒྱལ་སྐྱོང་དེ་ནང་དོན་གལ་ཆེན་ཞིག་ཏུ་གྱུར་བས་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་ཚད་ལྡན་ལས་རང་རྒྱལ་གྱི་སྤྱི་ཚོགས་དེ་འཕོ་འགྱུར་གཏིང་ཟབ་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་ལ་གོ་རིམ་ཡང་ལྡན་པའི་འགན་ལེན་བྱེད་ཐུབ།
         གནས་ཚད་མ་ལག་སྔར་བས་ཆེ་བའི་ནང་ནས་ལྟ་ཞིབ་བྱས་ཚེ་མྱོང་ཚོར་གསལ་པོ་ཞིག་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་གྱི་ལོ་རྒྱུས་སམ་ཡང་ན་ཀྲུང་གོའི་དེང་རབས་ཅན་གྱི་ལོ་བརྒྱའི་ལོ་རྒྱུས། ཡང་ན་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་བརྒྱ་ཕྲག་གི་འཕོ་འགྱུར་གང་ཡིན་རུང་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འཐབ་ཇུས་བྱ་ཐབས་དེ་ཐོག་ནས་འཚོལ་ཞིབ་གསར་རྐྱང་ཞིག་མཚོན་ཡོད། ཁྲིམས་ལྟར་རྒྱལ་སྐྱོང་གི་སྙིང་དོན་དེ“ཕ་ཚ་བུ་རྒྱུད་ཆེད་ཐབས་འདོན་པ་དང་ཕུགས་ཀྱི་འཕེལ་རྒྱས་ཆེད་ཇུས་འགོད་པའི”མཐོ་ཚད་དུ་མཐོ་རུ་གཏོང་བ་དང་། དམིགས་ཚད་ནི“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར”གཏན་འཁེལ་བྱས་ཚེ་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གི་གཞི་ཚུགས་ས་ནི་ཀྲུང་གོའི་ལམ་བུ་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དེ་རེད། རྒྱལ་སྐྱོང་གི་མཚོན་ཆ་གལ་ཆེན་ཞིག་ཡིན་པའི་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་དེ་ལས་ཁྲིམས་སྐྱོང་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་གསར་པ་གསར་གཏོད་བྱས་ཡོད།
         “སྒོ་ཀུན་ནས་བཞིའི”ནང་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འཐབ་ཇུས་བྱ་ཐབས་དེ་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་ཀུན་ནས་ཏང་ནན་སྐྱོང་བྱེད་པ་དང་གཅིག་རམ་གཅིག་འདེགས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་འཐབ་ཇུས་དམིགས་ཚད་དེའི་ཆེད་གཞི་རྩའི་སྒུལ་ཤུགས་དང་། གཞི་རྩའི་འགན་ལེན། གཞི་རྩའི་འདེགས་སྐྱོར་བཅས་མཁོ་འདོན་བྱེད་དགོས། ཁྲིམས་སྐྱོང་ནི་སྒྲོམ་གཞི་དང་ཐབས་ལམ་ཡིན་ལ་འདུ་ཤེས་དང་བྱེད་ཐབས་ཀྱང་རེད། སྒྱུར་བཅོས་གལ་ཆེན་བྱེད་པར་ཁྲིམས་དང་མཐུན་ལ་གཞི་འཛིན་ས་དགོས་པ་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་ནི་ཁྲིམས་སྐྱོང་གི་ཐོག་ནས་བརྟན་གཏོང་བྱེད་དགོས་པས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་དེས་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བར་བརྟན་པོའི་རང་བཞིན་དང་ཚད་ལྡན་རང་བཞིན་མཁོ་འདོན་བྱེད་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་དང་ཐོག་སྒྲིག་སྲོལ་ལྟར་ཏང་སྐྱོང་དགོས་པ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་ཚེ་གཞི་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཐུབ་པས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་སྒོ་ཀུན་ནས་ཏང་ནན་སྐྱོང་དེ་ངོ་བོའི་ཐོག་གཅིག་མཐུན་དང་རྩོད་སྒྲུབ་ཐོག་གཅིག་གྱུར་རེད། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་མ་བྱས་ན་རྒྱལ་ཁབ་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་འཚོ་བ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་མི་ཐུབ་པ་དང་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་མངོན་འགྱུར་བྱེད་དཀའ་བ་དང་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་མ་བྱས་ན་ང་ཚོས་རྒྱལ་ཁབ་ཡག་པོ་སྐྱོང་མི་ཐུབ་པ་དང་སྲིད་ཡག་པོ་སྐྱོང་མི་ཐུབ། ཁྲིམས་སྐྱོང་དེ་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་གཞི་རྩའི་བྱེད་ཐབས་ལ་གཏན་འཁེལ་བྱས་པའི་དུས་དེར་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་ངེས་པར་དུ་འགག་རྩ་ཡིན་པའི་འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ལ་དམ་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བླང་བྱ་བཏོན་གནང་བ་ལྟར་སྤྱི་ཚོགས་ཧྲིལ་པོས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ནས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་རྒྱུན་རིམ་ཧྲིལ་པོར་ལག་ལེན་བསྟར་བ་དང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་དོན་འཁྱོལ་བྱས་ཚེ་ཁྲིམས་སྐྱོང་དེ་གཞི་ནས་ཀྲུང་གོ་འདི་ཉིད་མདུན་སྐྱོད་བྱེད་པའི་སྲ་ཞིང་བརྟན་པའི་འགན་ལེན་ཞིག་ཏུ་གྱུར་ནས་དཔལ་འབྱོར་འཕེལ་རྒྱས་དང་། ཆབ་སྲིད་དྭངས་གཙང་། རིག་གནས་དར་སྤེལ། སྤྱི་ཚོགས་དྲང་གཞག སྣོད་བཅུད་བཟང་པོ་བཅས་མངོན་འགྱུར་བྱེད་ཐུབ།
         “བཅའ་ཁྲིམས་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྩ་བ་ཡིན”ཞེས་པ་ལྟར་ལོ་རྒྱུས་ཀྱི་དུས་འཁོར་གནས་ལུགས་ལས་བརྒལ་བ་དང་ཡུན་རིང་ཁྲིམས་སྐྱོང་ཐུབ་པ་བྱེད་པ་དང་ཀྲུང་གོའི་ལམ་བུར་ཡག་པོ་སྐྱོད་པ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པར་ངེས་པར་དུ་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་བརྒྱུད་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱས་ཚེ་ང་ཚོས“སྒོ་ཀུན་ནས་བཞི”ཕན་ཚུན་སྐུལ་གཏོང་གི་རླབས་ཆེན་འཕེལ་རིམ་ཁྲོད་མི་རིགས་བསྐྱར་དར་གྱི་བརྗིད་རླབས་ཉམས་དང་ལྡན་པའི་འཆར་འགོད་ཅིག་ཇུས་འགོད་བྱེད་ཐུབ་ངེས་རེད།
         མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།