མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཅང་སུའུ་རུ་བརྟག་ཞིབ་གནང་སྐབས་ཕྱོགས་ཡོངས་བཞིའི་འཛུགས་
སྐྲུན་ཐོག་མར་བཏོན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་24ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཅང་སུའུ་རུ་བརྟག་ཞིབ་གནང་སྐབས་ཕྱོགས་ཡོངས་བཞིའི་འཛུགས་
སྐྲུན་ཐོག་མར་བཏོན་པ།

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13དང་ཚེས་14ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཅང་སུའུ་རུ་བརྟག་ཞིབ་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཅང་སུའུ་རུ་བརྟག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རྒྱུན་རྣམ་གསར་པ་རང་འགུལ་ངང་ཁོང་དུ་ཆུད་པ་བྱེད་པ་དང་འཚམ་པ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་བཅོས་སྐྱོང་ནན་པོ་བྱེད་པ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         དགུན་སྟོད་ཀྱི་ཅང་སུའུ་ཡི་ས་གཞི་ཆེ་མོར་ཉི་འོད་རབ་ཏུ་འཕྲོ་བ་དང་རྩི་ཤིང་སྔོ་ལྗང་ཡིན་པས་སྐྱེ་སྟོབས་ཀྱི་རྣམ་པས་ཁེངས། ཟླ་12ཚེས་13དང་ཚེས་14ཉིན་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོར་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོའི་ནང་ཞུགས་རྗེས་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཀྲི་ཅུན་དང་ཧྲེང་ཀྲང་ལི་ཞུའེ་ཡུང་གི་ཕེབས་རོགས་འོག་ཞིས་ཅིན་ཕིང་ནན་ཅིང་དང་ཀྲེན་ཅང་ལ་ཕེབས་ནས་ཚན་རིག་ཞིབ་འཇུག་ཁང་དང་སུའོ་དང་། ཁེ་ལས། གྲོང་གསེབ། ཞིང་དུད་བཅས་ལ་རྟོག་ཞིབ་གནང་བ་དང་འབྲེལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཚུལ་སྐོར་བརྟག་ཞིབ་ཀྱང་གནང་བ་རེད།
         ལོ་མཇུག་ཏུ་སླེབས་པས་སྤྱི་ཁྱབ་ཧྲུའུ་ཅིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བར་ཐུགས་ཁུར་ཆེན་པོ་གནང་ཞིང་། ཚེས་13ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་གིས་དང་ཐོག་ཀྲེན་ཅང་གྲོང་ཁྱེར་ཏན་ཐུའུ་ཆུས་ཧྲི་ཡེ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ཕེབས་ནས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་བའི་གནས་ཚུལ་དང་གྲོང་མིས་ནད་བལྟ་བ་དང་སྨན་བཅོས་བྱེད་པའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། དཀར་ཆ་དོད་ལ་གུ་ཡངས་པའི་ཨང་ཐོ་འགོད་ས་དང་སྨན་བཅོས་སྣེ་ཤན་ཚོམས་ཆེན་དུ་ཞིས་ཅིན་ཕིང་གིས་འཕྲོད་བསྟེན་ཁང་གི་འགན་ཁུར་བློ་མཐུན་གྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཁོང་གིས་ནད་དཔྱད་ཁོའོ་དང་ཁང་དུ་ཕེབས་ནས་སྨན་བཅོས་སྒྲིག་བཀོད་ལ་གཟིགས་ཞིབ་གནང་བ་དང་སྨན་དོན་མི་སྣའི་ས་ནས་གཟུགས་པོར་བརྟག་དཔྱད་དང་། སྨན་བཅོས། སྨན་རིན་སོགས་ཀྱི་གནས་ཚུལ་དང་གྲོང་མིའི་ནད་གཞིའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། གཅོང་ནད་སྒོ་བསྟེན་སྨན་བཅོས་ཁང་དུ་ཁོང་གིས་སྨན་བཅོས་བྱེད་པར་ཡོང་བའི་གྲོང་མི་ཝུའེ་ཏིང་ཡུས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ལ་ནད་བལྟ་བར་སྟབས་བདེ་པོ་ཡོད་མེད་དང་། སྨན་རིན་མཐོ་པོ་ཡོད་མེད། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་བློ་ཡིད་ཚིམ་མིན་བཅས་སྐོར་བཀའ་འདྲི་གནང་ཞིང་། ཝུའེ་ཏིང་ཡུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་གུང་ཁྲན་ཏང་གིས་ང་ཚོར་དངོས་གནས་ཡག་པོ་གནང་གི་འདུག ང་ཚོ་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ནད་བལྟ་བར་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཚང་མ་རྩ་ཆག་བཏང་བ་མ་ཟད་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པར་སྨན་རིན་མང་ཆེ་བ་རྩིས་ཞུ་བྱེད་ཐུབ་ཀྱི་འདུག་ཅེས་ཞུས། ཞིས་ཅིན་ཕིང་གིས་དམངས་ཡོངས་བདེ་ཐང་མེད་ན་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཡོང་མི་སྲིད། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་མི་དམངས་ཀྱི་ལུས་ཁམས་བདེ་ཐང་དང་ཐད་ཀའི་འབྲེལ་བ་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་ལས་ཀའི་གཙོ་གནད་གཞི་རིམ་དུ་འཇོག་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་གཞི་རིམ་དུ་འཇོག་པར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་མང་ཚོགས་ལ་བདེ་འཇགས་ཡིན་པ་དང་། གོ་ཆོད་པ། སྟབས་བདེ་པོ། སྨན་རིན་དམའ་བ་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་འདེགས་ཞུས་ནས་གཞི་རིམ་གྱི་མང་ཚོགས་ནད་བལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་དངོས་གནས་ཐག་གཅོད་ཡག་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྨན་བཅོས་ལས་དོན་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་ཁོང་ཚོར་ལས་ཀའི་ཁོར་ཡུག་བཟང་པོ་ཞིག་བཏོད་ནས་རྒྱ་ཆེའི་སྨན་དོན་མི་སྣ་ཚོ་བློ་བདེ་པོ་དང་། བག་ཡངས་པ། སྤྲོ་སྣང་ལྡན་པ་བཅས་ཀྱི་སྒོ་ནས་སྲོག་སྐྱོབ་རྨས་སྐྱོར་གྱི་བླ་ན་མེད་པའི་བྱ་གཞག་དེའི་ནང་ཞུགས་ཐུབ་པ་བྱེད་དགོས། རྒྱ་ཆེའི་སྨན་དོན་མི་སྣས་སྙིང་རུས་ཆེན་པོས་ལས་སྒོ་བརྩོན་ཞིབ་བྱེད་པ་དང་སྨན་པའི་ཀུན་སྤྱོད་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ལ་ནད་གཞི་སྨན་བཅོས་བྱེད་པར་ལེགས་སྐྱེས་མང་ཙམ་འབུལ་དགོས་ཞེས་གསུངས་པ་རེད།
         “ཞིང་ལས་དེ་རྨང་གཞི་གལ་ཆེན་དང་རྒྱལ་ཁབ་ཀྱི་རྐང་རེད” ཞིས་ཅིན་ཕིང་གིས་ཞིང་ལས་འཕེལ་རྒྱས་གཏོང་བའི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་དང་ཁོང་གིས་ཧྲི་ཡེ་གྲོང་རྡལ་གདོང་ལེན་གྲོང་ཚོའི་ཞིང་ལས་གླིང་དུ་ཕེབས་ནས་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་ཞིང་། གླིང་ཁུལ་གྱི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིའི་སྒོ་རྩར་དེ་གར་ཐོན་སྐྱེད་བྱས་པའི་འབྲི་ཏ་ས་འཛིན་དང་། ཚ་ལུ་མ། རྒུན་འབྲུམ་སོགས་བཞག་ཡོད། ཞིས་ཅིན་ཕིང་གིས་ཤིང་འབྲས་དེ་དག་ལ་གཟིགས་བཞིན་དུ་ཕྱག་ལ་བཞེས་ནས་ཐོན་རྫས་ཀྱི་ཐོན་ཚད་དང་ཁྲོམ་རའི་རིན་གོང་སྐོར་བཀའ་འདྲི་གནང་། ཁོང་གིས་འབྲི་ཏ་ས་འཛིན་དྲོད་ཁང་ཆེ་མོར་ཕེབས་ཏེ་ས་གནས་ས་ཐོག་ཏུ་འབྲི་ཏ་ས་འཛིན་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བཞིན་དུ་འབྲི་ཏ་ས་འཛིན་གྱི་ས་བོན་ག་ནས་ཡིན་པ་དང་། འདེབས་འཛུགས་བྱེད་སྐབས་བཅུད་སྣོད་བེད་སྤྱོད་བཏང་ཡོད་མེད། མུའུ་རེར་མ་འཇོག་ག་ཚོད་བྱེད་མེད། ལོ་རེའི་ཡོང་འབབ་ཁེ་གཙང་ག་ཚོད་ཡོད་མེད་བཅས་སྐོར་བཀའ་འདྲི་གནང་བ་རེད། ཁོང་གིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་རང་ཉིད་ཧོ་པེའི་ཀྲེན་ཏིང་རྫོང་དུ་ལས་ཀ་བྱེད་སྐབས་མན་ཁྲེང་རྫོང་ལ་འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་ཚུལ་ལ་ལྟ་ཞིབ་བྱེད་པར་ཕྱིན་པ་མ་ཟད་ཁོང་ཚོའི་འབྲི་ཏ་ས་འཛིན་གྱི་སོན་བཟང་ནང་འདྲེན་བྱས་པ་ཡིན་ཞེས་གསུངས། ཞིས་ཅིན་ཕིང་གིས་དེང་རབས་ཀྱི་ཕན་འབྲས་མཐོ་བའི་ཞིང་ལས་ནི་ཞིང་པ་ཕྱུག་འགྱུར་ཡོང་བའི་ལམ་བུ་ཡག་པོ་ཞིག་ཡིན་པར་བརྟེན་ལམ་བུ་དེ་བརྒྱུད་མདུན་སྐྱོད་བྱེད་དགོས་པ་མ་ཟད། ཞིང་ལས་གཉེར་སྐྱོང་བྱེད་པར་ཕན་འབྲས་ཡོད་པ་དང་ཞིང་ལས་ནི་མདུན་ལམ་ཡོད་པའི་ཐོན་ལས་ཤིག་ཏུ་འགྱུར་བ་བྱེད་དགོས།  ཞིང་པའི་འབབ་འཕར་ལ་སྐུལ་མ་གཏོང་བའི་ལས་དོན་ལ་སྔར་བས་སྣང་ཆེན་བྱས་ནས་ཞིང་དུད་དང་ཞིང་པ་གཅིག་ཀྱང་མི་ལུས་པར་ཚང་མ་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཧྲི་ཡེ་གྲོང་རྡལ་ཡུང་མའོ་ཝུའེ་རང་བྱུང་གྲོང་ཚོར་ཕེབས་ནས་ས་གནས་དེ་གའི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་ཚུལ་ལ་རྟོག་ཞིབ་གནང་བ་རེད། ལམ་བར་དུ་གྱང་དཀར་པོ་དང་རྫ་གཡམ་ནག་པོའི་ཁང་པའི་གཡས་གཡོན་དུ་ལྗོན་ཤིང་ལོ་འདབ་རྒྱས་པ་དང་གྲོ་ལྗང་སྔོ་ཐིང་ངེར་གནས་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཞིང་གྲོང་གི་རྣམ་པས་ཁེངས། ཞིས་ཅིན་ཕིང་གྲོང་མི་ཧུང་ཅ་ཡུང་གི་ཁྱིམ་དུ་ཕེབས་པ་དང་ཁོང་གི་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་སྒོ་རའི་མདུན་དུ་ཆུ་བོ་ཤང་ཤང་དུ་རྒྱུག་པ་དང་ཚལ་ཞིང་སྔོ་ཐིང་ཐིང་དུ་གནས། ཞིས་ཅིན་ཕིང་ཐབ་ཚང་དུ་ཕེབས་ཏེ་འཁྱགས་སྒམ་དང་སྐོལ་སྣོད་ཀྱི་ཁེབས་གཅོད་ཕྱེ་གནང་བ་དང་ཆུ་ཀ་ལ་གློད་གནང་ནས་གཟིགས་ཞིབ་ཞིབ་ཕྲ་གནང། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོའི་ནང་ཚང་དང་མཉམ་དུ་ཞུགས་ཏེ་ཁ་བརྡ་གློད་གནང་ནས་ཐོན་སྐྱེད་སྐོར་གླེང་བ་དང་དམངས་ཀྱི་དགོས་མཁོའི་སྐོར་བཀའ་འདྲི་གནང་། ཁོང་གིས་གྲོང་གསེབ་ཀྱི་འཕྲོད་བསྟེན་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་དང་གྲོང་ཚོའི་ནང་གི་གསང་སྤྱོད་ཚང་མ་སྒྱུར་བཀོད་བྱས་པ་མཁྱེན་སྐབས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་གསང་སྤྱོད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རིང་མཚོན་རྟགས་རང་བཞིན་གྱི་དོན་སྙིང་ལྡན་ཡོད་པས་ས་བབ་དང་བསྟུན་ནས་གསང་སྤྱོད་ཀྱི་ས་འོག་ཆུ་འགྲོའི་ལྕགས་མདོང་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་བཙོག་ཆུ་ཐག་གཅོད་ཡག་པོ་བྱས་ནས་ཞིང་པའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་ཞེས་གསུངས་པ་རེད། ཁོང་གིས་ད་དུང་ས་གནས་དེ་གའི་ལས་བྱེད་པར་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་ཡག་པོ་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་བཏང་སྟེ་གྲོང་གསེབ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། གྲོང་ལམ་གྱི་གཡས་གཡོན་ལ་གྲོང་མི་མང་པོ་འདུ་འཛོམས་བྱས་ཡོད་པ་དང་ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཞིས་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་ཁོང་ཚོ་དང་ཕྱག་བཏང་གནང་བ་དང་ཁོང་ཚོར་ཕྱག་གཡུགས་གཡུགས་གནང་ནས་གུས་ལན་སློག་གནང་བ་རེད།
         རྟོག་ཞིབ་གནང་རིང་ཞིས་ཅིན་ཕིང་གིས་ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་ཅང་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ཁས་ལེན་གང་ལེགས་གནང་བ་རེད། ཞིས་ཅིན་ཕིང་གིས་ཅང་སུའུ་ཡི་བློ་མཐུན་ཚོས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྔོན་ལ་སྐྲུན་ཐུབ་པ་བྱེད་པ་དང་དེང་རབས་ཅན་སྔོན་ལ་སྤྱིར་ན་སྐྲུན་ཐུབ་པ་བྱེད་པའི་གཟི་བརྗིད་ལྡན་པའི་འགན་འཁྲིར་དམ་པོར་དམིགས་ནས་དཔལ་འབྱོར་སྟོབས་ལྡན་དང་། མི་སེར་འབྱོར་ཕྱུག ཁོར་ཡུག་ཡག་པོ། སྤྱི་ཚོགས་ཤེས་དཔལ་ལྡན་པ་བཅས་ཀྱི་ཅང་སུའུ་གསར་པ་ཞིག་ཧུར་ཐག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པར་འགག་རྩ་ནི་བྱེད་ཐབས་འགྱུར་ལྡོག་གཏོང་བ་དང་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཐོན་ལས་ཀྱི་གྲུབ་ཆ་དེ་དམའ་འབྲིང་ནས་མཐོ་འབྲིང་བར་གང་མགྱོགས་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུགས་ཀྱི་བསམ་པའི་ཐོག་ནས་གསར་གཏོད་ལ་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱེད་པ་དང་ཚན་རྩལ་དེ་དཔལ་འབྱོར་དང་སྦྲེལ་མཐུད་དང་། གསར་གཏོད་ཀྱི་གྲུབ་འབྲས་དེ་ཐོན་ལས་དང་སྦྲེལ་མཐུད། གསར་གཏོད་ཀྱི་རྣམ་གྲངས་དེ་ཐོན་སྐྱེད་ནུས་ཤུགས་དངོས་དང་སྦྲེལ་མཐུད། ཞིབ་འཇུག་གསར་གཏོད་མི་སྣའི་གསར་གཏོད་ངལ་རྩོལ་དེ་ཁོང་ཚོའི་ཁེ་ཕན་དང་ཡོང་འབབ་དང་སྦྲེལ་མཐུད་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གསར་གཏོད་ཀྱི་གྲུབ་འབྲས་ཐོབ་པར་ཕན་པ་ཡོད་པ་དང་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་ཅན་དུ་འགྱུར་བར་ཕན་པ་ཡོད་པའི་ལམ་སྲོལ་གསར་པ་ཞིག་ཆགས་པ་བྱེད་དགོས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ནུས་ཤུགས་ཡོད་རྒུས་མདུན་གྲས་སུ་སྐྱོད་པ་དང་ཀྲུང་དབྱང་གིས་གྲོས་འཆམ་བྱས་པའི་སྒྱུར་བཅོས་ཀྱི་ཇུས་གཞི་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པ་དང་། ལག་ལེན་བསྟར་ཕོད་པ། ཚོད་ལྟ་ཧུར་ཐག་བྱེད་པ། ཉམས་མྱོང་གསོག་འཇོག་བཅས་བྱེད་དགོས། ཕྱིར་གཏོང་གི་འགྲན་ནུས་ཆེ་རུ་གཏོང་བ་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་ལེགས་ཆ་གསར་པ་བཏོད་ནས་རྒྱལ་ཁབ་ཕྱི་ནང་ལ་སྒོ་མོ་དབྱེ་བའི་བར་ཁྱམས་གསར་པ་རྒྱ་སྐྱེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཞིང་ལས་དེང་རབས་ཅན་ལ་མ་འགྱུར་བ་དང་། གྲོང་གསེབ་དར་རྒྱས་འབྱོར་ཕྱུག་མ་བྱུང་བ། ཞིང་པ་བདེ་སྡོད་ལས་བརྩོན་མ་ཐུབ་པ་བཅས་ནི་རྒྱལ་ཁབ་ཀྱི་དེང་རབས་ཅན་ཆ་ཚང་བ་མིན་པ་དང་། ཕྱོགས་ཡོངས་མིན་པ། བརྟན་པོ་མེད་པ་བཅས་རེད། དར་རྒྱས་ཆེ་བའི་ས་ཁུལ་གྱིས་དེའི་ཐད་ངེས་པར་དུ་སྣེ་ཁྲིད་ཡག་པོ་དང་ཕྱོགས་སྟོན་ཡག་པོ་བྱས་ཏེ་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གཅིག་མཚུངས་ངང་འཕེལ་རྒྱས་གཏོང་རྒྱུ་དེ་དངོས་གནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ལས་དོན་ཁག་ཡག་པོ་སྒྲུབ་པར་ངེས་པར་དུ་རིན་ཐང་གི་སྣེ་ཁྲིད་ནུས་པ་དང་། རིག་གནས་ཀྱི་གོང་བུ་འགྲིལ་ཤུགས། བསམ་པའི་སྐུལ་གཏོང་ནུས་པ་བཅས་ཀྱི་འདེགས་སྐྱོར་ཆེན་པོ་དགོས་པ་དང་། རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་སྲོག་ཤིང་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་དྲིལ་བསྒྲགས་སློབ་གསོ་དང་རྒྱ་ཁྱབ་ངང་འཚོལ་ཞིབ་ལག་བསྟར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་མི་རྣམས་མདུན་སྐྱོད་ལ་སྣེ་ཁྲིད་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བཅས་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་ལྟར་དམངས་འཚོ་འགན་ལེན་ལ་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པ་ལྟར་དམངས་འཚོའི་ལས་འགན་དོན་འཁྱོལ་བྱེད་དགོས། དམངས་འཚོའི་ལས་དོན་དེ་ཁྱབ་རྒྱ་ཆེ་བ་དང་། ལས་འབོར་ཆེ་བ། གོ་རིམ་མང་བ་བཅས་ཡིན་པར་བརྟེན་ངེས་པར་དུ་བརྟན་པོའི་རང་བཞིན་དང་། མུ་མཐུད་རང་བཞིན། གསོག་འཇོག་རང་བཞིན་བཅས་ལ་སྣང་ཆེན་བྱས་ཏེ་ལས་དོན་རེ་རེ་བཞིན་སྒྲུབ་པ་དང་། ལོ་རེ་བཞིན་མུ་མཐུད་བྱེད་པ། ཚན་ཁག་རིམ་བྱུང་གིས་ལས་དོན་མུ་མཐུད་སྒྲུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།