མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་སོགས་སྡེ་ཚན་ལྔས"ཀུན་སྤྱོད་ལེགས་པའི་ན་གཞོན་
ལ་སློབ་སྦྱོང་དང་བརྩོན་ལེན་བྱེད་པའི"བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། "དྲུག་གཅིག"རྒྱལ་སྤྱིའི་བྱིས་པའི་དུས་ཆེན་རིང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་དང་། སློབ་གསོ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་མི་རབས་རྗེས་མར་དོ་ཁུར་བྱེད་མཁན་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས“ཀུན་སྤྱོད་ལེགས་པའི་ན་གཞོན་ལ་སློབ་སྦྱོང་དང་བརྩོན་ལེན་བྱེད་པའི”བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་ནས་ཀུན་སྤྱོད་ལེགས་པའི་ན་གཞོན་བརྒྱའི་བྱས་རྗེས་དྲིལ་བསྒྲགས་འགྲེམས་སྟོན་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མིར་ཉེ་འགྲམ་གྱི་མིག་དཔེར་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཀུན་སྤྱོད་ལེགས་པའི་ན་གཞོན་བརྩོན་ལེན་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་བཏང་བ་རེད།
            བྱེད་སྒོ་དེ་ཟླ་5ཚེས་29ཉིན་ནས་འགོ་བཙུགས་པ་དང་ཟླ་6ཚེས་7ཉིན་མཇུག་འགྲིལ་རྒྱུ་རེད། བྱེད་སྒོ་སྤེལ་རིང་གཙོ་གཉེར་ཚན་པས་ཀྲུང་གོ་ཤེས་དཔལ་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་ན་སོ་དར་ལ་མ་བབས་པའི་མིའི་དྲ་བ་སོགས་དྲ་ཚིགས་ལ་བརྟེན་ནས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ཤེས་དཔལ་གཞུང་དོན་ཁང་གིས་ཀུན་སྤྱོད་ལེགས་པའི་ན་གཞོན་དང་ཁོང་ཚོའི་སྔོན་ཐོན་བྱས་རྗེས་ལ་གཟེངས་བསྟོད་དང་འོས་སྦྱོར་བྱས་པ་དག་གཅིག་སྡུད་ཐོག་མངོན་པར་བྱས་ནས་རྒྱ་ཆེའི་ན་སོ་དར་ལ་མ་བབས་པའི་མི་ཚོས་དྲ་བར་ཞུགས་ནས་སློབ་སྦྱོང་བྱེད་རྒྱུ་དང་། དྲན་འཆར་འགོད་རྒྱུ། མྱོང་ཚོར་སྤེལ་རེས་བྱ་རྒྱུ་བཅས་ལ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ས་ཁུལ་ཁག་གི་སློབ་གྲྭ་འབྲིང་ཆུང་ལ་བརྗོད་བྱ་གཙོ་བོའི་འཛིན་གྲྭའི་(རུ་ཁག)གི་ཚོགས་འདུ་འཚོགས་པ་དང་། ཀུན་སྤྱོད་ལེགས་པའི་ན་གཞོན་དང་བཞུགས་མོལ་དང་སྤེལ་རེས་བྱེད་པ། ནུས་པས་ལྕོགས་ཚོད་ཀྱིས་ལེའུ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ན་སོ་དར་ལ་མ་བབས་པའི་མིར་སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་དང་ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱ་རྒྱུའི་སྣེ་ཁྲིད་ཀྱིས་ཕུགས་འདུན་ཆེན་པོ་འཛུགས་པ་དང་ན་གཞོན་ལེགས་ཤོས་བརྩོན་ལེན་བྱ་རྒྱུའི་སྒྲིག་འཛུགས་དང་སྐུལ་འདེད་བཏང་བ་རེད།
           ད་ཐེངས་ཀྱི་གཅིག་སྡུད་ཐོག་མངོན་པར་བྱེད་པའི་ཀུན་སྤྱོད་ལེགས་པའི་ན་གཞོན་ཚོའི་བྱས་རྗེས་བདེན་ལ་བབ་ཆགས་པ་དང་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་པས་དེར་དཔེ་མཚོན་རང་བཞིན་དང་། མཚོན་བྱེད་རང་བཞིན། དཔེ་སྟོན་རང་བཞིན་བཅས་རྒྱ་ཁྱབ་ཏུ་ལྡན་ཡོད། ཁོང་ཚོའི་ཁྲོད་འགའ་རེ་ནི་སྤྱོད་ཡོན་གཉིས་ལྡན་དང་ཕྱོགས་ཡོངས་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་། འགའ་རེ་ནི་རང་ཚུགས་རང་འབད་དང་སྤྲོ་སྣང་ཡར་ཐོན་ཡིན་པ། འགའ་རེ་ནི་རྒན་བཀུར་གཉེན་སྐྱོང་དང་ལྷག་བསམ་ཟོལ་མེད་ངང་བསྙེན་བཀུར་ཞུ་མཁན་ཡིན་པ་དང། ད་དུང་འགའ་རེ་ནི་སློབ་གྲོགས་ལ་འགའ་གཅེས་དང་གཞན་ཕན་བསྒྲུབ་རྒྱུར་དགའ་བ། འགའ་རེ་ནི་ཁ་དན་ཚིག་གནས་དང་དངོས་པོ་རྙེད་པ་ཕྱིར་སྤྲོད་བྱེད་མཁན་ལ་སོགས་ཡིན་པས། ཁོང་ཚོའི་ལུས་ཐོག་ནས་དེང་རབས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་བློ་ཐག་ཆོད་པོ་དང་། ཕུགས་འདུན་ཡོད་པ། སློབ་སྦྱོང་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གཅིག་སྡུད་ཐོག་མངོན་པ་དང་། དགེ་སློབ་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱ་ཁྱབ་ངང་ཁས་ལེན་ཐོབ་ནས་རྒྱ་ཆེའི་ན་སོ་དར་ལ་མ་བབས་པའི་མིར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་མིག་དཔེ་ཡག་པོ་ཞིག་བཏོད་ཡོད།
         གཙོ་གཉེར་སྡེ་ཚན་གྱིས“ཀུན་སྤྱོད་ལེགས་པའི་ན་གཞོན་ལ་སློབ་སྦྱོང་དང་བརྩོན་ལེན་བྱེད་པའི”བྱེད་སྒོ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་སློབ་གསོའི་གཞི་རྟེན་དང་རྣམ་པ་གལ་ཆེན་ཞིག་ཏུ་བརྩིས་ནས་སྒྲིག་འཛུགས་ཞིབ་ཚགས་དང་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་བྱེད་སྒོའི་ཡིད་དབང་འགུགས་ཤུགས་དང་འགོས་ཤུགས་ཆེ་རུ་གཏོང་བ་དང་། ཀུན་སྤྱོད་ལེགས་པའི་ན་གཞོན་མིག་དཔེར་བྱེད་པ། ན་སོ་དར་ལ་མ་བབས་པའི་མིར་རང་ཉིད་ནས་འགོ་འཛུགས་རྒྱུ་དང་། ཉེ་འགྲམ་ནས་འགོ་འཛུགས་རྒྱུ། བྱ་བ་ཆུང་ཙག་ནས་འགོ་འཛུགས་རྒྱུ་བཅས་ལ་ཁྲིད་སྟོན་གྱིས་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་ཀུན་སྤྱོད་ཀྱི་བྱ་སྤྱོད་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།