མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་ཟླ་5པའི“ཀྲུང་གོའི་མི་བཟང་མིང་ཐོ”
ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་01ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་ཧྲན་ཏུང་རི་ཀྲའོ་རུ“ཀྲུང་གོའི་མི་བཟང་མིང་ཐོའི”ཟླ་5པའི་ནང་ཚུད་པའི་མིང་ཐོ་ཡོངས་བསྒྲགས་མཛད་སྒོ་དང་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་མི་བཟང་གི་ས་ཆ་དངོས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ་དང་གཞན་ཕན་སྒྲུབ་རྒྱུར་དགའ་བ་དང་། བདེན་པའི་རྒྱབ་ལངས། ཁ་གདན་ཚིག་གནས། ལས་བརྩོན་སྐྱེས་འབུལ། རྒན་བཀུར་གཞོན་གཅེས་བཅས་ཀྱི་ཉེ་འགྲམ་གྱི་མི་བཟང་107མིང་ཐོའི་ནང་འཁོད་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་ཤེས་དཔལ་དྲ་བས་གཉེར་འགན་འཁུར་བའི“ངས་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དང་དཔྱད་གླེང་བྱེད་པ”ཞེས་པའི་བྱེད་སྒོ་དེ་2008ལོའི་ཟླ་5པར་འགོ་བཙུགས་ཚུན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ལ་གཞི་ཚུགས་པ་དང་། མང་ཚོགས་ཚོའི་དོན་དངོས་དང་ཉེ་བཅར་གྱིས་མི་དཀྱུས་མའི་བྱ་བཟང་ངོམ་སྟོན་བྱ་རྒྱུ་དེ་ཞུགས་རྒྱ་ཆེ་བ་དང་། རིམ་པ་མང་བ། གཞི་ཁྱོན་ཆེ་བ་བཅས་ཀྱི་མང་ཚོགས་རང་བཞིན་གྱི་ཀུན་སྤྱོད་སློབ་གསོའི་ལག་ལེན་བྱེད་སྒོ་ཞིག་ཏུ་གྱུར་པ་དང་། སྔ་རྗེས་སུ“ཀྲུང་གོའི་མི་བཟང”7880ལྷག་ཙམ་འོས་སྦྱོར་བྱས་པར་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེན་པོ་དང་སློབ་གསོའི་ཕན་འབྲས་བཟང་པོ་ཐོན་ཡོད། ཟླ་འདིའི་བྱེད་སྒོའི་ཁྲོད་ལོ་རབས་80པའི་རྗེས་སུ་སྐྱེས་པ་དང་ལོ་རབས་90པའི་རྗེས་སུ་སྐྱེས་པའི་ན་གཞོན་འབོར་ཆེན་ཞིག་གིས་འགན་འཁྲི་ཁུར་ཕོད་པ་དང་ལེགས་སྐྱེས་འབུལ་འདོད་པའི་གཏམ་རྒྱུད་ལས་དྲ་གྲོགས་གྲངས་ལས་འདས་པར་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཧྲའན་ཤིས་ཀྱི་ལོ་རབས་80པའི་རྗེས་སུ་སྐྱེས་པའི་འབུམ་རམས་པ་ཀྲང་ཅིང་ཅིང་གིས་རོགས་སྐྱོར་བྱ་ཡུལ་ནས་རང་འབད་ཀྱིས་གཞན་ལ་རོགས་རམ་བྱེད་པའི་བར་ཡོང་འབབ་ལ་བརྟེན་ནས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་ཐེབས་རྩ་བཙུགས་ནས་དཀའ་ངལ་ཡོད་པའི་བྱིས་པར་རོགས་རམ་བྱས་པ་དང་། ཨན་ཧུའེ་ཡི་ལོ་རབས་90པའི་རྗེས་སུ་སྐྱེས་པའི་བུ་མོ་ཀྲུའུ་ཅིན་ཧྥེང་གིས་དབང་པོ་སྐྱོན་ཅན་ཡིན་ཡང་སྙིང་སྟོབས་ཆེན་པོས་གཞིས་སྲུང་བྱིས་པར་འོས་འགན་སློབ་གཉེར་བྱས་ཏེ་ཁེ་བེད་བདག་ཐོབ་རྣམ་གྲངས་ཁག་བརྒྱད་སྤྱད་དེ་མི་ཚེར་སྐུལ་ལྕག་བྱེད་པའི་ལེའུ་ཞིག་བརྩམས་པ། ཅང་སུའུ་ཡི་ལོ་རབས་80པའི་རྗེས་སུ་སྐྱེས་པའི་གྲོང་གསེབ་ཀྱི་བུད་མེད་དགེ་རྒན་ཧོ་ལི་མིང་གིས་ཉེན་ཁར་ཐུག་ཀྱང་སྐྲག་སྣང་མེད་པར་བྱིས་པ3བསྐྱབས་པ། ཁྲུང་ཆིང་གི་ལོ་རབས་80པའི་རྗེས་སུ་སྐྱེས་པའི་སྡེ་ཁུལ་གྱི་ཉེན་རྟོག་འགོ་འཛིན་ལུའུ་ཕན་གྱིས་སྡེ་ཁུལ་དུ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་པ་དེ་ཁོངས་གཏོགས་སུ“ གཅེས་སེམས་ལྡན་པའི་སྐྱེས་པ”ཞིག་ཏུ་གྱུར་བ། ལེའོ་ཉིང་གི་ལོ་རབས་80པའི་རྗེས་སུ་སྐྱེས་པའི་དམིགས་བསལ་སློབ་གསོའི་དགེ་རྒན་ཀྲུའུ་ཀྲེན་ཧྥུང་གིས་སློབ་ཁྲིད་བྱས་ནས་ལོ་9ཡི་རིང་དྭ་ཕྲུག་དང་དབང་སྐྱོན་གྱི་བྱིས་པ་ཚོའི“ཨ་ཕ”བྱས་པ། ཧྲན་ཏུང་གི་ལོ་རབས་80 པའི་རྗེས་སུ་སྐྱེས་པའི་བུ་མོ་སུན་གོ་ཧྥང་གིས་མཁལ་མ་ཞལ་འདེབས་སུ་འབུལ་ནས་ཁྱོ་ཁ་བསྐྱབས་པ་སོགས་ཡིན་པ་རེད། གཅེས་པར་འོས་པའི་ན་གཞོན་དེ་དག་ནི་སྤྱིར་བཏང་ཡིན་ལ་རླབས་ཆེན་ཡིན་པའི་ཉེ་འགྲམ་གྱི་མི་ཡག་པོའི་ཕུལ་བྱུང་གི་མཚོན་བྱེད་ཅིག་ཡིན་པ་མ་ཟད། དེང་རབས་ཀྲུང་གོའི་ན་གཞོན་མི་རབས་ཀྱི་བླ་ན་མེད་པའི་རིན་ཐང་གི་བརྩོན་གཉེར་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལྕི་པོ་དང་བསམ་པའི་ཉམས་འགྱུར་གསར་པ་གསོན་ཉམས་དོད་པོས་མངོན་ཡོད་པ་རེད།
         སྤེལ་རེས་བྱེད་སྒོའི་ཁྲོད་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་ཏེའོ་ན་དང་། ཀྲུང་གོའི་མི་བཟང་ལི་ཀྲེན་ཧན་དང་ཤིན་ཤིང་ཧྥུན་སོགས་ཀུན་སྤྱོད་ཀྱི་མིག་དཔེ་ཚོས་ལྟད་མོ་བ་དང་དྲ་དམངས་དབར་སྤེལ་རེས་གཏིང་ཟབ་བྱས་པ་དང་། སྤེལ་རེས་བྱ་ཡུལ་ནས་ཐལ་མོའི་རྡེབ་སྒྲ་ཡང་ནས་ཡང་དུ་གྲགས་པ་དང་དྲོ་སྐྱིད་ལྡན་ལ་ཀུན་སྤྱོད་ཀྱི་སྟོབས་ཤུགས་ཆེན་པོ་ཁྱབ་སྤེལ་བཏང་ཡོད།