མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ལོ་ཆུང་བྱིས་པའི་
གདོང་ལེན་རུ་ཁག་གི་ལས་དོན་ལ་ཐུགས་ཁུར་གནང་བའི་དངོས་བྲིས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་02ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་ལྟ་བུ་དང་མི་རིགས་ཀྱི་རེ་བ་རེད།
         ཀྲུང་གོ་གུང་ཁྲན་ཏང་གིས་སྔར་ནས་བཟུང་ལོ་ཆུང་བྱིས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་ལོ་ཆུང་བྱིས་པའི་བྱ་གཞག་འཕེལ་རྒྱས་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱ་ཆེའི་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སློབ་གསོ་ཁྲིད་སྟོན་གྱི་དགོངས་དོན་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་པས་རང་རྒྱལ་གྱི་ལོ་ཆུང་བྱིས་པའི་བྱ་གཞག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཐོབ་ཡོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་བྱམས་བརྩེའི་ཐུགས་ཁུར་གནང་ནས་དུས་བབ་གསར་པའི་འོག་རང་རྒྱལ་གྱི་ལོ་ཆུང་བྱིས་པའི་བྱ་གཞག་འཕེལ་རྒྱས་འགྲོ་ཆེད་ཁ་ཕྱོགས་བསྟན་ཡོད།
         བྱམས་བརྩེའི་མངགས་བཅོལ་དང་བྱེད་ཐབས་ཏན་ཏིག་དེ་ཉི་འོད་ལྟར་ཕྲུ་གུ་རྣམས་ཀྱི་ཕུགས་འདུན་ལ་བཀྲག་མདངས་འཚེར་བ་དང་སྦྲང་ཆར་ཟིལ་མ་ལྟར་ཕྲུ་གུ་རྣམས་ཀྱི་བསམ་པར་བརླན། མེ་སྟག་དཔལ་འབར་གྱི་འོད་མདངས་འོག་དང་ཏང་གི་ཉི་འོད་དྲོ་སྐྱིད་འོག་མི་རིགས་ཁག་གི་ལོ་ཆུང་བྱིས་པ་རྣམས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་འཚར་ལོངས་ཡོང་བཞིན་ཡོད།
         བསླབ་བྱ་ཡང་ཡང་དང་རེ་བ་ནན་པོ་བཅོལ་བ།
         —— ཀྲུང་ཧྭ་མི་རིགས་ཀྱི་དེ་རིང་དང་སང་ཉིན་གྱི་ཆེད་ང་ཚོས་རྒྱ་ཆེའི་ལོ་ཆུང་བྱིས་པར་ཕུགས་འདུན་ཆེན་པོ་འཛུགས་པ་དང་བསམ་པ་བཟང་པོ་འཇགས་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ལོ་ཆུང་བྱིས་པ་དེ་བས་ལེགས་པའི་སྒོ་ནས་འཚར་ལོངས་ཡོང་བ་བྱེད་ཅིག
         2013ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་པེ་ཅིང་གྲོང་ཁྱེར་བྱིས་པའི་ཕོ་བྲང་དུ་ཕེབས་ནས་པེ་ཅིང་དུ་མྱོང་ཚོར་སྤེལ་རེས་བྱེད་སྒོའི་ནང་ཞུགས་མཁན་རྒྱལ་ཡོངས་ཀྱི་མི་རིགས་56དང་། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ། གནོད་འཚེ་ཕོག་ཁུལ། ལྷན་སྐྱེས་སྙིང་ནད་ཕོག་པའི་ལོ་ཆུང་བྱིས་པ། ཞིང་པ་ལས་མིའི་བུ་ཕྲུག་བཅས་དང་དེ་བཞིན་རྒྱལ་སའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་ཆུང་བྱིས་པ་སོགས་དང་མཉམ་དུ“སྤྲོ་སྣང་ལྡན་པའི་བྱིས་དུས་སུ་རེ་བའི་གཤོག་ཟུང་རྒྱས་བཞིན་མཆིས”ཞེས་པའི་བརྗོད་བྱ་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོའི་ནང་ཞུགས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         རྩི་ཤིང་ལྡུམ་རའི་ཞིང་ལས་སྐྱེ་དངོས་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཕྲུ་གུ་རྣམས་ཀྱི་ངལ་རྩོལ་བྱེད་ཚུལ་ལ་གཟིགས་པ་དང་འབྲེལ་སྒུར་སྒུར་གནང་ནས་གྲོ་མའི་མྱུ་གུ་སྤོས་འཛུགས་བྱེད་མཁན་གྱི་ཕྲུ་གུ་གཉིས་དང་གླེང་མོལ་གནང་ཞིང་། ཁོང་གིས་ཕྲུ་གུ་ཚོར་ཁྱེད་ཚོས་ཆུང་དུས་ནས་ངལ་རྩོལ་ནི་གཟི་བརྗིད་ཡིན་པའི་འདུ་ཤེས་བཙུགས་ཏེ་རང་ཉིད་ཀྱི་བྱ་བ་རང་ཉིད་ཀྱིས་བསྒྲུབས་པ་དང་། གཞན་ལ་བྱ་བ་སྒྲུབ་རོགས་བྱེད་པ། སྤྱི་ཕན་གྱི་བྱ་བ་བསྒྲུབ་རྒྱུར་བརྩོན་ལེན་བཅས་བྱས་ནས་ངལ་རྩོལ་ལ་བརྟེན་ནས་རེ་བའི་ས་བོན་བཏབ་ན་གྲུབ་འབྲས་ཐོབ་ཐུབ་པ་དང་ངལ་རྩོལ་ལ་བརྟེན་ནས་སྙིང་སྟོབས་སྦྱོང་བརྡར་དང་རང་ཉིད་སྦྱོང་བརྡར་བྱེད་ཐུབ་ཅེས་གསུངས།
         “མཛེས་པའི་ཁྱིམ་གཞིས་གསར་སྐྲུན”ཞེས་པའི་བྱེད་སྒོ་སྤེལ་མཁན་ནི་དབུན་ཁྲོན་དང་། ཡུལ་ཤུལ། འབྲུག་ཆུ། ལུའུ་ཧྲན་སོགས་གནོད་འཚེ་ཕོག་ཁུལ་གྱི་ལོ་ཆུང་བྱིས་པ་ཡིན་པ་མཁྱེན་རྗེས་སྤྱི་ཁྱབ་ཧྲུའུ་ཅིས་ཕྲུ་གུའི་མདུན་དུ་ཕེབས་ནས་ངོ་སྤྲོད་གསན་པ་དང་མཛེས་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་ཆོད་སེམས་དང་དད་སེམས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་ཚོའི་སྔོན་ཐོན་འཛུགས་སྐྲུན་གྱི་འདུ་ཤེས་ཀྱི་གསར་གཏོད་དང་གསར་སྐྲུན་གྱི་འདུ་ཤེས་ལ་བསྔགས་བརྗོད་གནང་།
         སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྲུ་གུ་རྣམས་འཚར་ལོངས་དེ་བས་ལེགས་པ་ཡོང་བ་བྱ་རྒྱུ་ནི་ང་ཚོའི་བསམ་འདུན་ཆེ་ཤོས་དེ་ཡིན། ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་ལོ་ཆུང་བྱིས་པར་སེམས་ཁུར་བྱས་ཏེ་ཁོང་ཚོའི་སློབ་སྦྱོང་དང་འཚར་ལོངས་ལ་ཆ་རྐྱེན་དེ་བས་ལེགས་པ་ཧུར་ཐག་སྐྲུན་དགོས་ཞེས་ནན་བཤད་གནང་།
         དྭ་ཕྲུག་དང་། དབང་པོ་སྐྱོན་ཅན་བྱིས་པ། གནོད་འཚེ་ཕོག་ཁུལ་གྱི་བྱིས་པ་སོགས་དམིགས་བསལ་གྱི་བྱིས་པ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། 2014ལོའི་ཟླ་བ་དང་པོར་ནང་སོག་གི་རྩྭ་ཐང་ཆེན་པོར་ཁ་བ་བཀླུབས་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་ཕེབས་ནས་འདི་གར་གནས་སྡོད་བྱིས་པར་གཟིགས་པ་དང་། འདྲ་བཟོའི་ཁྱིམ་ཚང་ཞིག་ཏུ་ཁོང་གིས་མ་ཚབ་ལ་ཕྱག་བཏང་ནས་འཚམས་འདྲི་གནང་བ་དང་གསོ་ཉར་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་། ཉལ་ཁང་དུ་ཁོང་གིས་འོན་ལྐུགས་བུ་མོ་ཝང་ཡ་ཉིང་དང་གུང་གསེང་བཏང་ནས“ཁྱིམ་དུ་ལོག་པའི”སློབ་ཆེན་སློབ་མ་ཡན་ཀྲི་ཅིན་ལ་སློབ་སྦྱོང་ཡག་པོ་དང་སྦྱངས་འབྲས་ལེགས་པར་ཐོན་རྒྱུའི་སྐུལ་ལྕག་གནང་བ་དང་འབྲེལ་མཐེ་བོང་བསྒྲེངས་ནས་ཁོང་ཚོའི་ས་ནས“ཐུགས་རྗེ་ཆེ”ཞེས་པའི་ལྐུགས་བརྡ་སྦྱངས་གནང་། ནང་སྦྱོང་ཁང་དུ་ཕྲུ་གུ་ཚོས་ལག་བརྡ་གཏོང་བཞིན་དུ《དྲིན་གསོའི་སེམས་པ》ཞེས་པ་ཡང་བཏང་བས་ཚང་མའི་མིག་ལ་མཆི་ཞག་འཁོར།
         2014ལོའི་དཔྱིད་ཀར་ཤིན་ཅང་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཧྲུའུ་ཕུའུ་རྫོང་ཐུའོ་ཁེ་ཀྲ་ཁེ་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་དུ་ཕེབས། སློབ་གྲྭ་དེར་ཁྱོན་བསྡོམས་འཛིན་གྲྭ་12ཡོད་པ་དང་ཚང་མར་སྐད་གཉིས་ཀྱི་སློབ་ཚན་ཁྲིད་ཀྱི་ཡོད་པ། སློབ་ཁྲིད་དང་སྒྲིག་བཀོད་ཧ་ཅང་ཡག་པོ་ཡོད་པ་མཁྱེན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་དགྱེས་ཚོར་ཆེན་པོ་བྱུང་། ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་སློབ་ཁང་དུ་སློབ་མ་གཉིས་ཀྱིས《ཁེ་ཧྲིར་མགྲོན་དུ་བསྐྱོད》ཞེས་པའི་དུམ་མཚམས་ཀློག་སྐབས་ཁོང་གིས་ཁོང་ཚོའི་རྒྱ་ཡིག་ཤེས་མང་བ་དང་། སྒྲ་དག་པ། ཀློག་བཟང་བ་བཅས་ལ་བསྔགས་བརྗོད་གནང་། ལུས་རྩལ་ཐང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཕྲུ་གུ་ཚོ་ཡོང་བ་དང་སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོ་དང་དྲན་རྟེན་སྐུ་པར་བསྐྱོན། ཞལ་བྲལ་ཁར་ཕྲུ་གུ་ཚོས“སྤོ་བོ་ཞིས་ལགས་སླར་ཡང་ཕེབས་རྒྱུའི་དགའ་བསུ་ཞུ་གི་ཡིན”ཞེས་འབོད་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོར་ཕྱག་གཡུག་གཡུག་གནང་།
         2015ལོའི་ཟླ་བ་དང་པོར་ཡུན་ནན་ལུའུ་ཏེན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་ཀན་ཅ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ས་ཆ་གཞན་དུ་གནས་སྤོ་བཀོད་སྒྲིག་བྱས་ཡོད། འདི་གར་རྟོག་ཞིབ་ཏུ་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོའི་ཁྲོད་དུ་ཕེབས་ནས་ཕྲུ་གུའི་ལག་ནས་འཇུས་པ་དང་ཁོང་ཚོའི་རི་མོར་གཟིགས་པ་དང་ཁོང་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུའི་སྨོན་འདུན་ཡང་གནང་།
         བྱ་ཐབས་ཏན་ཏིག་དང་བྱ་སྤྱོད་ནུས་ལྡན།
         — སྤྱི་ཚོགས་ཚང་མས་ལོ་ཆུང་བྱིས་པ་ཤེས་རྟོགས་དང་། ལོ་ཆུང་བྱིས་པར་བརྩི་འཇོག ལོ་ཆུང་བྱིས་པར་སེམས་ཁུར། ལོ་ཆུང་བྱིས་པར་ཞབས་ཞུ་བཅས་བྱས་ནས་ལོ་ཆུང་བྱིས་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ལོ་ཆུང་བྱིས་པར་བྱམས་སྐྱོང་བྱེད་དགོས་པའི་འབོད་སྐུལ་ཡང་ཡང་གནང་།
         — ཕྲུ་གུ་རྣམས་འཚར་ལོངས་དེ་བས་ལེགས་པ་ཞིག་ཡོང་བ་བྱ་རྒྱུ་ནི་ང་ཚོའི་བསམ་འདུན་ཆེ་ཤོས་ཡིན།
         — ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་ལོ་ཆུང་བྱིས་པར་སེམས་ཁུར་བྱས་ཏེ་ཁོང་ཚོར་སློབ་སྦྱོང་དང་འཚར་ལོངས་ལ་ཆ་རྐྱེན་དེ་བས་ལེགས་པར་ཧུར་ཐག་སྐྲུན་དགོས།
         — སྤྱི་ཚོགས་ཚང་མས་ལོ་ཆུང་བྱིས་པ་ཤེས་རྟོགས་དང་། ལོ་ཆུང་བྱིས་པར་བརྩི་འཇོག ལོ་ཆུང་བྱིས་པར་སེམས་ཁུར། ལོ་ཆུང་བྱིས་པར་ཞབས་ཞུ་བཅས་བྱས་ནས་ལོ་ཆུང་བྱིས་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།
         2015ལོའི་ཟླ་བ་གཉིས་པར་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་ཧྲའན་ཤིས་སུ་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་གསོ་ཧ་ཅང་གལ་ཆེན་པོ་རེད། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་དབུལ་ཕོངས་ས་ཁུལ་གྱིས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་རྩ་བ་ནི་སློབ་གསོར་དམ་འཛིན་ཡག་པོ་བྱ་རྒྱུར་ཐུག་ཡོད། སློབ་གསོར་མཐོང་ཆེན་དང་། རྨང་གཞིའི་སློབ་གསོ་དང་ལྷག་པར་དུ་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་རྨང་གཞིའི་སློབ་གསོར་དེ་བས་མཐོང་ཆེན་བྱས་ཏེ་ནོར་སྲིད་མ་དངུལ་གྱིས་དེའི་ཐད་གཟིགས་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
         ཕྲུ་གུ་ཚོར་སློབ་གསོ་དེ་བས་ལེགས་པ་ཞིག་ཡོང་བ་བྱེད་ཅིག གཞི་གྲངས་མང་པོ་དེ་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོར་ཚད་མཐོའི་མཐོང་ཆེན་དང་སློབ་གསོ་འཕེལ་རྒྱས་གཏོང་བའི་ཆོད་སེམས་མཚོན་པ་སྟེ།
         སློབ་གསོའི་བྱ་གཞག་གྲུབ་ཆ་གལ་ཆེན་ཞིག་དང་སློབ་གསོ་དྲང་གཞག་མཚོན་པའི་ནང་དོན་གལ་ཆེན་ཞིག་ཡིན་པའི་དམིགས་བསལ་སློབ་གསོར་ད་ཕན་ལོ་ཤས་རིང་རིམ་ཁག་ནོར་སྲིད་ཀྱིས་གཏོང་ཆ་རྒྱུན་ཆད་མེད་པར་མང་དུ་གཏོང་བ་དང་། 2013ལོ་དང་2003ལོ་བསྡུར་ན་དམིགས་བསལ་སློབ་གསོར་སྤྱིའི་གཏོང་ཆ་གཏོང་ཤུགས་སྒོར་དུང་ཕྱུར་17ནས་སྒོར་དུང་ཕྱུར་92བར་འཕར་ཏེ་ལོ་རེའི་ཆ་སྙོམས་18.6%འཕར་ཡོད།
         གྲོང་གསེབ་སློབ་གསོའི་འོས་འགན་སློབ་གསོའི་འགྲོ་གྲོན་གྱི་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་ཆེད་ཀྲུང་དབྱང་ནོར་སྲིད་ཀྱིས་2014ལོར་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་གྱི་འགན་ལེན་ལམ་སྲོལ་གྱི་མ་དངུལ་སྒོར་དུང་ཕྱུར་878.97བཏང་བ་དང་སློབ་མ་མི་གྲངས་ཉུང་དུ་སོང་བའི་གནས་ཚུལ་འོག་ཏུའང་2013ལོ་ལས་སྒོར་དུང་ཕྱུར་50.6འཕར་བ་དང་འཕར་ཚད་6.1%རེད།
         2014ལོར་རྒྱལ་ཡོངས་ཀྱི་སློབ་ཁྲིད་ས་ཚིགས་ཁྲི་6.4ལ་གྲངས་འཛིན་སློབ་གསོའི་ཐོན་ཁུངས་རྦད་དེ་ཁྱབ་པ་དང་ས་ཐག་རིང་བའི་གྲོང་གསེབ་ཀྱི་ཕྲུ་གུ་ཁྲི་400ལྷག་ཙམ་ལ་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་བྱུང་།
         ཕྲུ་གུ་རྣམས་འཚར་ལོངས་དེ་བས་ལེགས་པ་དང་འཚོ་བ་དེ་བས་སྐྱིད་པ་ཡོང་བ་བྱེད་ཅིག ལོ་ཆུང་བྱིས་པའི་ཁེ་དབང་ལ་གནོད་འཚེ་དང་ལོ་ཆུང་བྱིས་པའི་གཟུགས་གཞིའི་བདེ་ཐང་ལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་མཐའ་དག་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ལོ་ཆུང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་ཆེད་སྲིད་ཇུས་མང་པོ་ཞིག་བཏོན་པ་སྟེ།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་ཁབ་ཀྱི་དབུལ་པོའི་ས་ཁུལ་གྱི་བྱིས་པ་འཕེལ་རྒྱས་འཆར་འགོད(2014—2020ལོ)》པར་འགྲེམས་བྱས་ནས་དབུལ་པོའི་ས་ཁུལ་གྱི་བྱིས་པའི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁེ་དབང་འགན་ལེན་ཏན་ཏིག་བྱས་ནས་སྲིད་གཞུང་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་ས་ཁུལ་དབུལ་པོའི་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་འགོ་ནས་མཇུག་བར་སེམས་ཁུར་དང་སྒོ་ཀུན་ནས་འགན་ལེན་བྱས་ཡོད།
         སློབ་གསོ་པུའུ་སོགས་སྡེ་ཚན་ལྔ་ཡིས《འོས་འགན་སློབ་གསོའི་དུས་མཚམས་ཀྱི་གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པར་བྱམས་སྐྱོང་དང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》འགྲེམས་སྤེལ་བྱས་ནས་སློབ་གྲྭའི་ཞག་སྡོད་དང་། འཚོ་བཅུད་ལེགས་གཏོང་། འགྲིམ་འགྲུལ་ཞབས་ཞུ་སོགས་ཀྱི་ཐད་གཞིས་སྲུང་བྱིས་པའི་དགོས་མཁོ་སྔོན་ལ་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།
         ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། དམངས་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《ལྟ་སྐྱོང་བྱེད་མཁན་གྱིས་ན་སོ་དར་ལ་མི་བབས་པའི་མིའི་ཁེ་ཕན་ལ་གནོད་འཚེ་གཏོང་བར་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས་ལྟ་སྐྱོང་བྱེད་མཁན་གྱིས་གནོད་འཚེ་བཏང་བའི་ན་སོ་དར་ལ་མི་བབས་པའི་མིར་བཅའ་ཁྲིམས་ཀྱི་སྲུང་གདུགས་ཤིག་འདེགས་ཡོད།
         སྐེ་དར་དམར་པོ་དང་གཟི་བརྗིད་ལྡན་པའི་རུ་མི།
         ལོ་ཆུང་གདོང་ལེན་རུ་ཁག་གིས་རྩ་འཛུགས་ཀྱི་སློབ་གསོ་དང་། རང་བརྟེན་གྱི་སློབ་གསོ། ལག་ལེན་བྱེད་སྒོ་བཅས་མཐའ་འཁྱོངས་བྱས་ཏེ་ལོ་ཆུང་བྱིས་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱ་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུས་ཏེ་རྒྱ་ཆེའི་ལོ་ཆུང་བྱིས་པར་མཐུན་སྒྲིལ་ཡག་པོ་དང་། སློབ་གསོ་ཡག་པོ། ཁྲིད་སྟོན་ཡག་པོ་བཅས་བྱེད་དགོས།
         2014ལོའི་ཟླ་5ཚེས་30ཉིན་པེ་ཅིང་གྲོང་ཁྱེར་ཧན་ཏན་ཆུས་མི་རིགས་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མི་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཉམ་དུ་བརྗེད་པར་དཀའ་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་བརྗོད་དོན་གཙོ་བོའི་རུ་ཁག་གི་ཉིན་མོའི་བྱེད་སྒོར་ཞུགས།
         སློབ་གྲྭའི་ལུས་རྩལ་ཁང་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་མཁར་རྔ་གྲགས་པ་དང་ཆབས་ཅིག་རུ་ཁག་ནང་ཞུགས་པའི་མཛད་སྒོ་དངོས་སུ་འཚོགས། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་མཉམ་དུ་《ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་གླུ་གཞས》བཏང་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལོ་རིམ་མཐོ་བའི་ལོ་ཆུང་གདོང་ལེན་རུ་མིས་ཞུས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ཀྱི་འཚོ་བ་དང་བྱེད་སྒོའི་སྐོར་གསན་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་དཔོན་གྱིས་ལོ་རིམ་དང་པོའི་རུ་འབྲིང་གསར་འཛུགས་བྱ་རྒྱུའི་གཏན་འབེབས་སྒྲོག་སྦྱངས་བྱས་པ་དང་རུ་མི་གསར་པར་སྐེ་དར་དམར་པོ་འདོགས་པའི་མཛད་སྒོ་འཚོགས། སྤྱི་ཁྱབ་ཧྲུའུ་ཅིས་རུ་མི་གསར་པ་ཞིག་ལ་སྐེ་དར་དམར་པོ་འདོགས་པ་དང་རུ་མི་གསར་པ་རུ་ཁག་ནང་ཞུགས་པའི་དམ་བཅའ་བཞག་རྗེས་རུ་ཆེན་གྱི་ཟུར་ཁྲིད་པས“གུང་ཁྲན་རིང་ལུགས་བྱ་གཞག་གི་ཆེད་དུ་འབད་འཐབ་ཀྱི་གྲ་སྒྲིག་གྱིས་ཤིག”ཅེས་བཤད་པས་ལོ་ཆུང་གདོང་ལེན་རུ་མི་ཡོངས་ཀྱིས“དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་བཞིན་ཡོད”ཅེས་ལན་བརྒྱབ།
         མཛད་སྒོ་མཇུག་འགྲིལ་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་ལོ་ཆུང་གདོང་ལེན་རུ་མི་ཚོར་ལོ་ཆུང་གདོང་ལེན་རུ་མི་རུ་ཁག་ནང་ཞུགས་པའི་མཛད་སྒོར་ཞུགས་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་སྔ་ང་རུ་ཁག་ནང་ཞུགས་པའི་གནས་ཚུལ་ཡང་བསམ་བློར་འཁོར་ཏེ་རུ་ཁག་ནང་ཞུགས་པ་ནི་གཟི་བརྗིད་ཆེ་བ་དང་བརྗིད་ཉམས་ལྡན་པའི་བྱ་བ་ཞིག་ཡིན་པ་ཚོར་གྱི་འདུག དེ་རིང་སློབ་གྲོགས་རྣམས་ཀྱི་གོམ་སྟབས་བརྟན་པོ་མཐོང་བ་དང་སློབ་གྲོགས་ཚོའི་བརྗིད་ཉམས་ཆེ་བའི་དམ་བཅའ་ཐོས་སྐབས་བསམ་བློའི་ནང་ཐ་སྙད་ཅིག་འཆར་བ་དེ་ནི“རེ་བ”རེད། ལོ་ཆུང་བྱིས་པ་ནི་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་རེ་བ་དང་ང་ཚོའི་རླབས་ཆེན་མི་རིགས་ཀྱི་རེ་བ་རེད། སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་དང་ཉིན་བཞིན་ཡར་རྒྱས་ཡོང་བ་བྱས་ནས་ཕྱིས་སུ་སྦྱངས་འབྲས་ཡག་པོ་ཐོབ་པ་བྱེད་དགོས་ཞེས་གསུངས།
         སྔོན་གཤེགས་དཔའ་བོའི་དྲན་གསོ་ཉིན་མོ་དང་པོ་དེར་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཡངས་ཤིང་རྒྱ་ཆེ་བའི་གནམ་བདེ་སྒོ་མོར་ཕེབས་ཏེ་པེ་ཅིང་གི་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས། ལོ་ཆུང་བྱིས་པ་240ཡིས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཕྱོགས་ནས་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་གླུ་གཞས་བཏང་ཞིང་། ལག་གཡས་པ་བཏེགས་པ་དང་གྲལ་སྟར་འགྲིག་པོས་རུ་ཁག་གི་གུས་འདུད་ཞུས།
         ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་རྒྱལ་སྤྱིའི་སྤྱི་མཆོད་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་ཅིང་དམར་གསོད་ཆེན་པོའི་ནང་སྟེས་དབང་དུ་ལུས་པའི་འཐུས་མི་དང་ལོ་ཆུང་གདོང་ལེན་རུ་མི་གཅིག་དང་ལྷན་དུ་སྤྱི་མཆོད་སྟེགས་བུར་དལ་བུར་ཕེབས་ཏེ་རྒྱལ་ཁབ་ཀྱི་སྤྱི་མཆོད་སྡིངས་ཀྱི་ཡོལ་ཁེབས་ཕྱེ།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཐད་བླང་བྱ་གསལ་པོ་བཏོན་ནས་ལོ་ཆུང་གདོང་ལེན་རུ་ཁག་གིས་རྩ་འཛུགས་སློབ་གསོ་དང་། རང་བརྟེན་སློབ་གསོ། ལག་ལེན་བྱེད་སྒོ་བཅས་མཐའ་འཁྱོངས་བྱས་ཏེ་ལོ་ཆུང་བྱིས་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྦྱོང་དང་ལག་ལེན་བྱ་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུས་ཏེ་རྒྱ་ཆེའི་ལོ་ཆུང་བྱིས་པར་མཐུན་སྒྲིལ་ཡག་པོ་དང་། སློབ་གསོ་ཡག་པོ། ཁྲིད་སྟོན་ཡག་པོ་བཅས་བྱེད་དགོས་ཞེས་ནན་བཤད་གནང་། 2015ལོར་ཏང་ཀྲུང་དབྱང་གིས《ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ལས་དོན་ལ་བླང་བྱ་བཏོན་ཡོད།
         ལོ་ཆུང་བྱིས་པའི་བྱ་གཞག་དར་ན་རྒྱལ་ཁབ་དར། ལོ་ཆུང་བྱིས་པ་ཡར་རྒྱས་སོང་ཚེ། རྒྱལ་ཁབ་ཡར་རྒྱས་ཡོང་། སྤྱི་ཁྱབ་ཧྲུའུ་ཅིས་ལོ་ཆུང་བྱིས་པར་རེ་བ་ཟབ་མོ་བཅོལ་གནང་ཡོད་པ་མ་ཟད་ལྷག་པར་དུ་ཁོང་ཚོའི་འཚར་ལོངས་ཐད་ཁ་ཕྱོགས་བསྟན་གནང་བ་སྟེ—སེམས་ནང་ཕུགས་བསམ་བཅངས་ཏེ་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཕུགས་བསམ་ཆེད་འབད་འཐབ་བྱེད་དགོས། 2013ལོའི་ཟླ་5པར་སི་ཁྲོན་ལུའུ་ཧྲན་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། གོམ་སྟབས་རྗེས་མའི་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་སྒྲིག་གནང་བཞིན་ཡོད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལུང་མེན་ཤང་ལུང་ཤིང་ལྟེ་བའི་སློབ་གྲྭར་ཕེབས་ནས་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་བརྗོད་བྱ་གཙོ་བོའི་འཛིན་ཚོགས་ལ་ཞུགས། བུ་ཞིག་གིས་ང་ཚན་རིག་མཁས་ཅན་ཞིག་བྱས་ནས་འཕུར་ཐུབ་པའི་ཁང་པ་བསྐྲུན་ཐུབ་ན་གནོད་འཚེ་ཕོག་མི་ཐུབ་ཅེས་བཤད། སྤྱི་ཁྱབ་ཧྲུའུ་ཅིས་གཞོན་ནུ་ལོ་ཆུང་ལ་ཕུགས་བསམ་ཡོད་ཕོད་པ་དགོས། ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་ནས་ཕན་ཨར་ན་ཚན་རིག་དང་མཐུན་པའི་འཆར་ཡན་བརྩམས་སྒྲུང་བར། འཕུར་གྲུ་དང་ཆུར་འཛུལ་དམག་གྲུ་ད་ཆ་ཚང་མ་ཡོད་པ་མ་ཡིན་ནམ། ཕུགས་བསམ་ཡོད་དགོས་པ་མ་ཟད་ཏན་ཏན་ཏིག་ཏིག་དང་སློབ་སྦྱོང་ཡག་པོ་བྱས་ཚེ་ཕུགས་བསམ་མངོན་འགྱུར་ཡོང་ཐུབ་ཅེས་གསུངས།
         ཆུང་དུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་དང་ལག་བསྟར་ཧུར་ཐག་བྱེད་དགོས། 2014ལོའི་ཟླ་5ཚེས་30ཉིན་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་མི་རིགས་སློབ་ཆུང་དུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལོ་ཆུང་བྱིས་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཇགས་པ་དང་ལག་བསྟར་བྱེད་པར་རང་ངོས་ཀྱི་ལོ་ན་དང་ཁྱད་ཆོས་དང་འཚམ་པ་བྱས་ཏེ་བླང་བྱ་བློ་ལ་ངེས་པ་དང་། སེམས་ནང་མིག་དཔེ་ལྡན་པ། ཆུང་དུས་ནས་བྱེད་འགོ་འཛུགས་པ། རོགས་རམ་དང་ལེན་ཐུབ་པ་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་བློ་འཛིན་བྱས་ཏེ་སེམས་ནང་ཟུག་པ་དང་ཀླད་པའི་ནང་རྡོ་ལ་རི་མོ་བརྐོས་པ་ལྟར་ངེས་ནས་སློབ་སྦྱོང་དང་འཚོ་བའི་ནང་ལག་ལེན་དང་ཟུང་འབྲེལ་བྱས་ནས་ཤེས་རྟོགས་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། དཔའ་བོའི་མི་སྣ་དང་། སྔོན་ཐོན་མི་སྣ། མཛེས་སྡུག་ལྡན་པའི་བྱ་དངོས་བཅས་ལ་སློབ་སྦྱོང་བྱས་ཏེ་སློབ་སྦྱོང་བྱེད་རིང་བསམ་བློ་ཀུན་སྤྱོད་ཀྱི་དོན་གཉེར་བཟང་པོ་འཇགས་པ་བྱེད་དགོས། རང་ངོས་ནས་བྱེད་འགོ་བཙུགས་པ་དང་། ཉེ་འགྲམ་ནས་བྱེད་འགོ་འཛུགས་པ། བྱ་བ་ཆུང་ཙག་ནས་བྱེད་འགོ་འཛུགས་པ་བཅས་བྱས་ཏེ་རེ་རེ་བཞིན་གསོག་འཇོག་བྱས་ཏེ་བསམ་བློ་ཡག་པོ་དང་ཀུན་སྤྱོད་བཟང་པོ་འཇགས་པ་བྱེད་དགོས་ཞེས་གསུངས།
         ད་ལྟའི་ཀྲུང་གོའི་ལོ་ཆུང་བྱིས་པ་རྣམས་མེས་རྒྱལ་གྱི་ཉིན་བཞིན་གྲ་རྒྱས་ཕུན་སུམ་ཚོགས་པའི་སྒྱུར་བཅོས་ཀྱི་ལོ་རབས་ནང་སྐྱེས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཉིན་བཞིན་བསྐྱར་དར་མངོན་འགྱུར་བྱེད་ཉེར་ཡོད་པའི་རླབས་ཆེན་གྱི་དུས་རབས་ནང་འཚར་ལོངས་ཡོང་བཞིན་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་བརྩེ་ཟབ་མོའི་བྱམས་སྐྱོང་འོག་ལོ་ཆུང་བྱིས་པ་ཚོས་ཆུང་དུས་ནས་ཕུགས་བསམ་འཛུགས་པ་དང་ཕུགས་འདུན་ཡོད་པ་བྱས་ཏེ་ཆུང་དུས་ནས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཇགས་པ་དང་ལག་བསྟར་བྱས་ནས་ཕྱིན་ཆད་འཚར་ལོངས་ཐུབ་ཆེད་ཤེས་བྱའི་གཞི་རྩ་བརྟན་པོ་འཛུགས་པ་དང་ཀུན་སྤྱོད་ཀྱི་ཀ་རྟེན་བརྟན་པོ་བཙུགས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་བཞིན་ཡོད།