མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་
དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་
སྐུལ་སློང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་དེ་ཟླ་11ཚེས་4ཉིན་པེ་ཅིང་དུ་འཚོགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྒྲོག་འགྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཁོང་གིས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་ངང་སྒྲོག་འགྲེལ་བྱ་རྒྱུ་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་བྱ་ཐབས་གལ་ཆེན་ཞིག་ཡིན་པར་བརྟེན་ལས་འགན་ལྕི་ལ་དོན་སྙིང་གལ་ཆེན་ཡང་ལྡན་ཡོད། རེ་བར་སྒྲོག་འགྲེལ་ཚོགས་པའི་བློ་མཐུན་ཚོས་འགན་འཁྲིའི་འདུ་ཤེས་དང་འགན་ཁུར་བསམ་པ་ཆེ་རུ་བཏང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གནད་ལ་འཕིགས་པ་བྱེད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་བསམ་ཕྱོགས། དམིགས་ཚད་ལས་འགན། བྱ་ཐབས་གལ་ཆེན་བཅས་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བྱེད་དགོས། སྒྲོག་འགྲེལ་བྱེད་རིང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་ལན་འདེབས་པ་དང་མང་ཚོགས་ཀྱིས་དོ་སྣང་དང་དོ་ཁུར་བྱེད་སར་ཨ་ལན་བསློགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ཆ་ཚང་དང་། སྒྲོག་འགྲེལ་འཕྱུགས་མེད། སྒྲོག་འགྲེལ་གཏིང་ཟབ་བཅས་བྱེད་དགོས། ས་གནས་ཁག་གིས་གཞི་རིམ་ལ་ཁ་ཕྱོགས་པའི་སྒྲོག་འགྲེལ་བྱ་ཡུལ་སྣ་མང་ཅན་དང་། བྱ་ཡུལ་རིགས་དབྱེ། མཉམ་འགུལ་ཅན་བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་རིམ་པ་མང་བ་དང་ཁྱབ་རྒྱ་ཆེ་བའི་སྒྲོག་འགྲེལ་བྱེད་པ་བརྒྱུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མང་ཚོགས་ཁྲོད་ཁྱབ་པ་དང་མི་སེམས་ལ་ཟུག་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པར་སྣེ་ཁྲིད་བྱས་ཏེ་བློ་གཅིག་སེམས་གཅིག་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྒྲིག་འཛུགས་གང་ལེགས་བྱེད་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་སྐུལ་འདེད་བཏང་སྟེ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ལིའུ་ཡུན་ཧྲན་གྱིས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་བློ་མཐུན་ཚོས་ཚད་མཐོའི་འགན་འཁུར་བསམ་པའི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བྱེད་པ་དང་ཕྱོགས་ཡོངས་ནས་ལྟ་ཀློག་འགྲེལ་བཤད་འཕྱུག་མེད་རྒྱག་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་ཧུར་ཐག་བསློགས་ནས་དམིགས་སའི་རང་བཞིན་ངང་དོགས་གནད་སེལ་བ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་འགུལ་སྤེལ་རེས་བྱ་རྒྱུར་སྣང་ཆེན་བྱས་ནས་སྒྲོག་འགྲེལ་གྱི་དངོས་ཕན་ཆེ་རུ་གཏོང་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་དྲིལ་བསྒྲགས་སྡེ་ཚན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་དོན་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱེད་པ་དང་དྲིལ་བསྒྲགས་རྒྱས་བཤད་ལ་ཤུགས་སྣོན་བརྒྱབ་ནས་གླེང་ཕྱོགས་ཀྱི་རྣམ་པ་ཞིག་གཏོད་པ་དང་གཞི་རིམ་ལ་ཁ་ཕྱོགས་པའི་སྒྲོག་འགྲེལ་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཆི་པའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་བློ་མཐུན་ལིའུ་ཡན་ཏུང་ཚོགས་འདུར་ཞུགས་པ་རེད།