མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱས་ཏེ་འདུ་ཤེས་གསར་པ་སྤྱད་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩོམ་བཟོ་སྤྱི་འདོམས་བྱ་རྒྱུ་བཀོད་སྒྲིག་དང་། བཟོ་ལས་བརྟན་པོའི་ངང་འཕར་རྒྱུ་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱིས་ཁྲོམ་ར་གཏོད་རྒྱུ་དང་ཕན་འབྲས་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག སྐྱེད་ཚད་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྐྱེད་ཚད་གྲུབ་པ་དང་སྙོམས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་གཏན་འཁེལ། ཁེ་ལས་ཀྱི་མ་འཇོག་དང་མྱུར་བགྲོད་གཞུང་ལམ་གྱི་ཞིབ་མཆན་སྟབས་བདེ་དང་བཟང་སྒྲིག་བྱས་ཏེ་ནང་མཁོ་རྒྱ་ཆེར་བཏང་ནས་དམངས་འཚོར་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་གཏན་འབེབས་བཅས་བྱས་པ་རེད།
         ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩོམ་བཟོའི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དེ་དཔལ་འབྱོར་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཐོན་ལས་རིམ་སྤོར་དང་། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་གཏོང་བཅས་ལ་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་བསྟན་ཞིང་། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཆར་འགོད་རྩ་གནད་རྩོམ་བཟོ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་སྤྱི་འདོམས་མཛུབ་ཁྲིད་དང་སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་ཚན་པ་ཁག་གིས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གཞིར་བཟུང་བ་དང་དེ་བཞིན་གཏིང་ཤུགས་འཕར་བ་དང་། ཞན་ཆ་གསབ་པ། དོ་སྙོམས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་ཐོག་སླེབས་རྒྱུ་བཅས་ལ་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་དམིགས་སའི་རང་བཞིན་ཆེ་བའི་སྲིད་ཇུས་གལ་ཆེན་དང་། བྱེད་ཐབས་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག རིམ་སྤོར་ལ་སྐུལ་འདེད་བཅས་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་འདུ་འགོད་ཆེན་པོ། སྣོད་བཅུད་སྲུང་སྐྱོང་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་གཞུང་དྲང་བཅས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་མངོན་གསལ་འདོན་ཐུབ་པའི་རྣམ་གྲངས་ཆེ་གྲས་བཅས་ཁག་གཅིག་བཏོན་ཏེ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བསྟུན་པ་དང་། སྒྱུར་བཅོས་སྒོ་དབྱེའི་བླང་བྱ་མངོན་པ། མང་ཚོགས་ཀྱི་འདུན་པ་མཚོན་པ་བཅས་ཀྱི་འཆར་འགོད་རྩ་གནད་དང་ལྷན་སྦྱར་འཆར་འགོད་རྩོམ་བཟོ་བྱས་ནས་དཔལ་འབྱོར་མྱུར་ཚད་འབྲིང་སྟོད་སྒོ་ནས་འཕར་རྒྱུ་དང་འབྲིང་སྟོད་ཀྱི་ཆུ་ཚད་ཀྱི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་རྒྱུའི་དམིགས་ཚད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         ཚོགས་འདུའི་ཐོག་རང་རྒྱལ་གྱི་བཟོ་ལས་ཕྱོགས་འགྱུར་རིམ་སྤོར་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། མིག་སྔར་བཟོ་ལས་བརྟན་པོའི་ངང་འཕར་རྒྱུ་དང་། ཐོན་ལས་གྲུབ་ཆ་བཟང་སྒྲིག ཁེ་ལས་ཀྱི་ཕན་འབྲས་མཐོར་གཏོང་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ལས་ཞུགས་བརྟན་དུ་གཏོང་རྒྱུ་དང་དཔལ་འབྱོར་ལེགས་པའི་རྨང་གཞི་བརྟན་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་ཡོད། ཚོགས་འདུའི་ཐོག་གཅིག་ནས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ནོར་སྲིད་ཆེད་སྤྱོད་མ་དངུལ་བསྡུ་སྒྲིལ་བྱས་ཏེ་《ཀྲུང་གོའི་བཟོ་སྐྲུན་2025ལོའི་》འགག་རྩའི་ཁྱབ་ཁོངས་དང་། ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད། གྲོང་ཁྱེར་ནང་གི་ཉེན་ཁའི་དངོས་པོ་དང་ལྕགས་དང་ངར་ལྕགས་ཀྱི་ཁེ་ལས་གནས་སྤོ་སྒྱུར་བཀོད་སོགས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་། “དྲ་སྦྲེལ+”སྤྱད་དེ་ཁེ་ལས་ཆེ་གྲས་དང་། མཐོ་སློབ། ཚན་ཞིབ་ཁང་དང་སུའོ་བཅས་ཁེ་ལས་འབྲིང་ཆུང་དང་ལས་གཏོད་པ་སོགས་དང་འབྲེལ་མཐུད་བྱེད་པའི་བཟོ་ལས་ཀྱི་སྟེགས་བུ་གསར་པ་སྐྲུན་དགོས་པ་དང་། གཉིས་ནས་ཁྲོམ་ར་གསར་འབྱེད་བྱེད་དགོས། མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཉེར་ཡོད་འཛད་སྤྱོད་དངོས་པོ་སོགས་ཀྱི་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་ས་ཡོམ་འགོག་ཐུབ་པའི་བདེ་སྡོད་ལས་གྲྭ་སོགས་དང་ཟུང་འབྲེལ་བྱས་ཏེ་ལྕགས་རྩིབས་གྲུབ་ཆའི་འཛུགས་སྐྲུན་ཚོད་ལྟའི་ལས་དོན་སྤེལ་དགོས། ལྗང་མདོག་ཨར་ལས་རྒྱུ་ཆ་སོགས་སྤྱོད་ཚད་མང་དུ་བཏང་ནས་གལ་ཆེ་ལ་སྤྱོད་གོ་ཆེ་བའི་སྒྲིག་ཆས་དང་ཐོན་ཟོག་སྤྱོད་ཚད་ཁྱབ་གདལ་གཏོང་བ་དང་ཞིང་འཕྲུལ་དང་གྲུ་གཟིངས་སོགས་གསར་བརྗེས་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐོག་ལྕགས་ལམ་དང་འཕྲིན་གཏོང་སོགས་སྒྲིག་ཆས་རྩེ་གྲ་ཕྱིར་སྐྱོད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ། གསུམ་ནས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། གསོན་མེད་པའི་ཁེ་ལས་བསྐྱར་འཛུགས་ཟླ་སྒྲིལ་གཏོང་བའམ་ཡང་ན་ཁྲོམ་ར་ནས་དོན་མགྱོགས་སུ་གཏོང་བ་དང་གཞུང་ཁོངས་ཁེ་ལས་ཀྱི་ལོ་རྒྱུས་ཁུར་པོ་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཕན་འཕར་གྱི་སྟོབས་ཤུགས་སྔོག་འདོན་བྱེད་དགོས་པ། བཞི་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིས་ཁྲོམ་ར་ཡོད་པ་དང་ཕན་འབྲས་ལྡན་པའི་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཡར་ཤུགས་ཆེ་རུ་གཏོང་རྒྱུའི་སྐུལ་ལྕག་བྱས་ཏེ་བཟོ་སྐྲུན་སྒྲིག་ཆས་དང་ཐོན་སྐྱེད་སྒྲུབ་རིམ་ཆེ་གྲས་སོགས་མ་དངུལ་བསྡུ་སྒྲིལ་གྱི་བོགས་གཏོང་ཞབས་ཞུ་ཁྱབ་གདལ་གཏོང་དགོས། རྒྱལ་ཁབ་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ཐེབས་རྩ་ཞིབ་འཇུག་བྱས་ནས་བཙུགས་ཏེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་མ་དངུལ་བསྡུ་སྒྲིལ་བྱེད་དཀའ་བའི་དཀའ་གནད་ཞི་ལྷོད་དུ་གཏོང་དགོས་པ་བཅས་ཀྱི་གཏན་འཁེལ་བྱས་པ་རེད།
         ཚོགས་འདུའི་ཐོག་དངུལ་རྩའི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྐྱེད་ཚད་ཁྲོམ་ར་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་སྐྱེད་ཚད་གྲུབ་རྒྱུ་དང་སྙོམས་སྒྲིག་ལམ་སྲོལ་མགྱོགས་མྱུར་བཟོ་རྒྱུ་དེ་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་ནུས་པ་ཆེ་རུ་གཏོང་རྒྱུ་དང་མ་དངུལ་བསྡུ་སྒྲིལ་བྱེད་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་མཐོ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་པ་ཡོད། གཅིག་ནས་དངུལ་རྩའི་སྒྲིག་གཞིས་ནང་ངོས་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་ལྟ་སྐུལ་བྱས་ཏེ་རང་བདག་ལུགས་མཐུན་གྱི་རིན་གོང་གཏན་འཁེལ་གྱི་ནུས་པ་དང་ཉེན་ཁའི་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་བཅོལ་དངུལ་དང་དངུལ་བུན་གྱི་གཞི་རྩའི་སྐྱེད་ཀའི་ཚད་གཞིའི་དཔྱད་གཞི་དང་ཁྲིད་སྟོན་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་དུས་ཐུང་ནང་སྐྱེད་ཚད་བསྡུ་བ་དང་། སླར་ཡང་དངུལ་བུན་གཡར་རྒྱུ། དུས་འབྲིང་གི་དངུལ་བུན་གཡར་རྒྱུ་སོགས་ཀྱི་བྱེད་ཐབས་ཡག་པོ་སྤྱོད་པ་དང་སྲིད་ཇུས་ཀྱི་སྐྱེད་ཚད་དེ་དངུལ་འཛིན་དང་ཡིད་རྟོན་དངུལ་བུན་སོགས་ཁྲོམ་རའི་སྐྱེད་ཚད་ལ་ཕྱོགས་པའི་བརྒྱུད་ཁྲིད་ཐབས་ལམ་ལེགས་སྒྲིག་བྱས་ནས་ཁྲོམ་རའི་ཕན་འབྲས་ཀྱི་འཁྱོག་ཐིག་ཆགས་པ་བྱེད་དགོས་པ། གསུམ་ནས་རྗེས་དཔག་མིན་པའི་རིན་གོང་གཏན་འཁེལ་གྱི་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཧེ་བག་བཅོལ་དངུལ་གྱི་གྲ་སྒྲིག་དངུལ་ཚད་སོགས་བྱེད་ཐབས་སྤྱད་ནས་སྐྱེད་ཚད་ཐོག་ནས་རིན་གོང་གཏན་འཁེལ་བྱེད་པའི་བྱ་སྤྱོད་ལ་ཚོད་འཛིན་བྱས་ཏེ་ལས་རིགས་རང་འདོམས་དང་ཉེན་ཁ་དོགས་ཟོན་ལ་ཤུགས་སྣོན་རྒྱག་དགོས། སྔོན་འགོག་ཚོད་འཛིན་དང་ལྟ་སྐུལ་དོ་དམ་ཇི་ཙམ་དོན་འཁྱོལ་བྱུང་ན་སྐྱེད་ཚད་ཁྲོམ་ར་ཅན་དུ་འགྱུར་བའི་ཆུ་ཚད་དེ་བས་མཐོ་རུ་གཏོང་ཐུབ་པ་བསྟན་ཡོད།
         ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་པ་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྲིག་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ནུས་ལྡན་མ་འཇོག་དང་སྤྱི་པའི་ཐོན་ཟོག་མཁོ་སྤྲོད་རྒྱ་ཆེར་གཏོང་ཆེད། ཚོགས་འདུའི་ཐོག་གཅིག་ནས་ནུས་རྒྱུ་གྲོན་ཆུང་ཐད་ཀྱི་ཚོད་སྐོར་དང་གཏེར་ཁའི་ཞིབ་མཆན་གནོན་པ་སོགས་མེད་པ་བཟོ་བ་དང་གཤམ་སྤྲོད་བྱས་ཏེ་མྱུར་བགྲོད་གཞུང་ལམ་ཞིབ་མཆན་གོང་གི་དོན་ཚན་བཅུ་བདུན་དེ་ས་འདེམས་དང་། ས་སྤྱོད། ཁོར་ཡུག་ཚོད་སྐོར་སོགས་དོན་ཚན་བདུན་དུ་ཉུང་དུ་གཏོང་རྒྱུ་དང་། ཆ་རྐྱེན་འཛོམས་པའི་འཛུགས་སྐྲུན་སྙན་སེང་ཐད“སྔོན་ལ་སྐྲུན་པ་དང་རྗེས་ལ་ཞིབ་བཤེར་བྱ་རྒྱུ་”ཁྱབ་གདལ་གཏོང་རྒྱུ་དང་། གཉིས་ནས་མ་འཇོག་གཅིག་མཚུངས་ཀྱི་རྣམ་གྲངས་ཞིབ་མཆན་དང་དེ་དང་འབྲེལ་བའི་བྱ་བ་མཉམ་དུ་གཤམ་སྤྲོད་བྱེད་པ་དང་། འཆར་འགོད་གལ་ཆེན་དང་མ་འཇོག་གསར་སྤེལ་བཀོད་སྒྲིག་སོགས་རྣམ་གྲངས་གལ་ཆེན་གྱི་ཞིབ་མཆན་དང་འབྲེལ་བའི་ཆོག་མཆན་དབང་ཆ་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྲིད་གཞུང་ལ་སྤྲོད་རྒྱུ། གསུམ་ནི་དགོས་ངེས་ཀྱི་བར་ཁེའི་ཞབས་ཞུར་རྩིས་ཐོའི་དོ་དམ་ལག་བསྟར་བྱེད་པ་དང་། མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ནུས་པ་གྲོན་ཆུང་དང་ས་གཤིས་གནོད་འཚེ་སོགས་ཆེད་དོན་གདེང་འཇོག་འཚོལ་ཞིབ་དང་བསྡུ་སྒྲིལ་བྱས་ཏེ་མཉམ་འབྲེལ་ཚོད་སྐོར་དཔྱད་ཞིབ་ལག་བསྟར་བྱ་རྒྱུ། བཞི་ནི་དྲ་ཐོག་ནས་ཞིབ་མཆན་འགོད་རྒྱུ་ཁྱབ་གདལ་བཏང་སྟེ་དྲ་ཐོག་ནས་ཞིབ་མཆན་དང་ལྟ་སྐུལ་དོ་དམ་བྱེད་པའི་སྟེགས་བུ་ཕྱོགས་ཡོངས་ལ་ཁྱབ་ཚད་མགྱོགས་སུ་གཏོང་བ་དང་། ཡོངས་བསྒྲགས་དང་མགྱོགས་ལ་སྟབས་བདེའི་སྲིད་གཞུང་གི་ཞབས་ཞུ་སྤྱད་དེ་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོར་ཕན་པའི་གྲུབ་འབྲས་གསར་པ་ཐོབ་པ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།