མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚན་རིག་དང་མཐུན་པའི་སྦྱོང་བརྡར་དང་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ལི་གཡོད་ཨོ་རྩལ་
འགྲན་ཚོགས་ཀྱི་འགྲན་ཞུགས་གྲ་སྒྲིག་ལས་དོན་ཧུར་ཐག་སྒྲུབ་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་རྒྱལ་ཁབ་ལུས་རྩལ་སྦྱོང་བརྡར་ཁང་དུ་ཕེབས་ནས་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ཨོ་རྩལ་འགྲན་ཚོགསཀྱི་འགྲན་ཞུགས་གྲ་སྒྲིག་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་སྦྱོར་བརྡར་བྱེད་བཞིན་པའི་ལུས་རྩལ་པ་དང་། རྩལ་ཁྲིད་པ། ལས་དོན་མི་སྣ་བཅས་ལ་གཟིགས་ནས་རྒྱལ་ཡོངས་ཀྱི་ལུས་རྩལ་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་ལོ་གསར་གྱི་འཚམས་འདྲི་ཞུས་པ་དང་། ཚང་མས་འབད་འབུངས་སྟོབས་བརྩོན་དང་མཐུན་སྒྲིལ་རོགས་རེས་བྱས་ཏེ་འགྲན་ཞུགས་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་རྩལ་འགྲན་གྱི་ལུས་སྟོབས་ཐང་མའི་ཐོག་ནས་ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པ་དང་སླར་ཡང་འབྲས་བཟང་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད།
         ལིའུ་ཡན་ཏུང་གིས་རྒྱལ་ཁབ་ལྗིད་འདེགས་རུ་ཁག་དང་། ཕའེ་ཆིའུ་སྤོ་ལོའི་བུད་མེད་རུ་ཁག ལུས་སྦྱོང་རུ་ཁག་བཅས་ཀྱི་སྦྱོང་བརྡར་ལ་གཟིགས་པ་དང་འགྲན་ཞུགས་གྲ་སྒྲིག་བྱེད་ཚུལ་གྱི་སྙན་ཞུ་གསན་རྗེས་ལང་ཕིང་སོགས་རྩལ་ཁྲིད་པ་དང་ལུས་རྩལ་པའི་འཐུས་མི་དང་བཞུགས་མོལ་གནང་བ་རེད། ཁོང་གིས་སྐབས་དེའི་ཨོ་རྩལ་འགྲན་ཚོགས་ལ་གནས་ཚུལ་གསར་པ་དང་འགྲན་སློང་གསར་པ་མང་པོ་འཕྲད་ཡོད། ཚང་མས་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་ཨོ་ལིམ་ཕིག་སྙིང་སྟོབས་དར་སྤེལ་བཏང་སྟེ་དམིགས་ཚད་ལ་དམིགས་པ་དང་འབད་འབུངས་སྟོབས་བརྩོན་གྱིས་དེ་བས་ཕུལ་བྱུང་གི་སྦྱངས་འབྲས་ཧུར་ཐག་བཏོད་ནས་མེས་རྒྱལ་ལ་གཟི་བརྗིད་སྣོན་པ་དང་། མི་རིགས་ཀྱི་ལ་རྒྱ་བརྩོན་ལེན། མི་ཚེར་ངོ་མཚར་གཏོད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ལིའུ་ཡན་ཏུང་གིས་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་གྲ་སྒྲིག་ལས་དོན་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གྲ་སྒྲིག་ལས་དོན་ཁག་ཚན་རིག་དང་མཐུན་པ་དང་། གཟབ་ནན། ཞིབ་ཚགས་ངང་ཡག་པོ་བསྒྲུབ་དགོས། མེས་རྒྱལ་ལ་ཞབས་འདེགས་ཞུ་བའི་སེམས་ཐག་བཅད་དེ་མེས་རྒྱལ་ལ་གཟི་བརྗིད་སྣོན་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། འགྲན་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ཐོབ་ཐུབ་པ་བྱས་ཏེ་སྒོ་དབྱེ་ཡིད་ཆེས་དང་སེམས་རྩ་འཁོལ་ལ་མཛའ་ཞིང་མཐུན་པའི་རྒྱལ་ཁབ་ཀྱི་གཟུགས་བརྙན་དང་འབད་འབུངས་ཡར་བརྩོན་དང་འབད་འབུངས་སྟོབས་བརྩོན་གྱི་ཀྲུང་ཧྭའི་བུ་ཕྲུག་གི་ཉམས་འགྱུར་གང་ལེགས་མངོན་པ་བྱེད་དགོས། རང་གཞན་གཉིས་ཀྱི་ཚུལ་རྟོགས་པ་བྱས་ཏེ་ཞན་ཆ་འཚོལ་བ་དང་མི་འདང་ས་བཙལ་ནས་སྦྱོང་བརྡར་དང་འགན་ལེན་བྱེད་སྟངས་གསར་གཏོད་བྱེད་པ་དང་། རྩལ་འགྲན་ཆུ་ཚད་མཐོ་རུ་གཏོང་དགོས། སྒྲིག་ཁྲིམས་སྒྲིག་ལམ་གསལ་པོ་བཟོ་བ་དང་འགྲན་བསྡུར་གྱི་ཉམས་འགྱུར་དང་སྒྲིག་ལམ་ནན་པོ་སྲུང་ནས་ཡོངས་བསྒྲགས་དང་། འདྲ་མཉམ། གཞུང་དྲང་བཅས་ཀྱི་སྒོ་ནས་འགྲན་ཞུགས་བདམས་ཐོན་ལས་དོན་ཡག་པོ་བསྒྲུབས་ཐོག་ངར་རྩ་སློང་སྨན་ལ“ཐར་པར་མི་གཏོང་རྒྱུ”མཐའ་འཁྱོངས་ཀྱིས་གཞུང་དྲང་ངང་འགྲན་བསྡུར་ལ་ཞུགས་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་རྩལ་འགྲན་ལུས་རྩལ་དང་། མང་ཚོགས་ལུས་རྩལ། ལུས་རྩལ་རིག་གནས། ལུས་རྩལ་ཐོན་ལས་བཅས་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།