མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་གཅིག་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་23ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་གཅིག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བརྟན་པོ་བཙུགས་ནས་སྒྱུར་བཅོས་དམ་འཛིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩིས་ནས་སྒྱུར་བཅོས་ཀྱི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་མཁན་དང་སྒྱུར་བཅོས་ཀྱི་དངོས་སྒྲུབ་མཁས་ཅན་ཞིག་བྱས་ཏེ་ལྕགས་གཟེར་རྒྱག་པའི་སྙིང་སྟོབས་ཀྱི་ཐོག་ནས་སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། འགག་རྩ་དམ་འཛིན་དང་གནད་འཕིགས་ཤུགས་འདོན་བྱས་ཏེ་དཀའ་ཚེགས་ཀྱི་ལས་དོན་སྒྲུབ་ཕོད་པ། བསྡིགས་ནས་དམ་འཛིན་དང་ཡང་ཡང་དམ་འཛིན་བྱས་ཏེ་ཕན་འབྲས་མ་ཐོན་བར་དམ་འཛིན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི་ཞིབ་ཅིང་ཕྲ་བའི་འདུ་འགོད་ཅིག་ཡིན་ལ་སྒྲུབ་རྒྱུའི་ལས་ཀ་མང་བ་དང་ལས་འགན་ལྕི་བས་ངེས་པར་དུ་བརྗིད་ཉམས་ཀྱི་རྣམ་པའི་ཐོག་ནས་སྔོན་ལ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་གཙོ་བོ་འདོན་པ་དང་དེ་རྗེས་སྟོབས་ཤུགས་གཅིག་སྡུད་ཀྱིས་རེ་རེ་བྱས་ནས་དོན་འཁྱོལ་ཐུབ་རྒྱུ་དམ་འཛིན་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་སྒྱུར་བཅོས་ཐད་བཏོན་པའི་བྱེད་ཐབས་ཀྱི་གྲངས་འབོར་མང་ཤོས་དང་སྒྱུར་བཅོས་ཀྱི་ལས་དོན་སྤེལ་ཤུགས་དེ་སྔར་བྱུང་མྱོང་མེད་པ་ཞིག་དང་། དོན་འཁྱོལ་དམ་འཛིན་བྱེད་པའི་ལས་འགན་ལྕི་བ་དང་གནོན་ཤུགས་ཆེ་བ་དེ་ཡང་སྔར་བྱུང་མྱོང་མེད་པ་ཞིག་ཡིན། སྤྱི་ཡོངས་ནས་བལྟས་ན། སྒྱུར་བཅོས་དོན་འཁྱོལ་ཡག་པོ་བྱུང་ཡོད་ལ། བཏོན་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་མང་པོ་ཞིག་དོན་འཁྱོལ་བྱེད་པའི་དུས་མཚམས་སུ་སླེབས་ཡོད། སྒྱུར་བཅོས་ཀྱི་བྱེད་ཐབས་ལ་གཞི་ཚུགས་པ་དང་། རྩ་བ་རྒྱས་པ། འབྲས་བུ་བཏགས་པ་བཅས་བྱུང་བ་དང་། ས་གནས་དང་སྡེ་ཚན་ལ་ལར་ཞིབ་ཅིང་ཕྲ་བའི་ལམ་ལུགས་ཀྱི་བཀོད་སྒྲིག་ཆགས་པ། བྱེད་ཐབས་ལ་ལ་ཚོད་ལྟ་འཚོལ་ཞིབ་བྱས་པ་བརྒྱུད་དཔེ་ལྟ་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་ཕྱོགས་སྡོམ་ཐུབ་པ་བཅས་བྱུང་ཡོད།
         ཚོགས་འདུའི་ཐོག་བསྟན་དོན། སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་ན། སྒྱུར་བཅོས་ཀྱི་ཆོས་ཉིད་དང་ཁྱད་ཆོས་ལ་བསྟུན་ནས་བརྒྱུད་རིམ་ཧྲིལ་པོ་དང་། ལས་ཕྱོད་མཐོ་བ། དཔྱད་ཞིབ་ཆོག་པ་བཅས་ཀྱི་སྒྱུར་བཅོས་དོན་འཁྱོལ་བྱེད་པའི་ལམ་སྲོལ་བཙུགས་ནས་སྒྱུར་བཅོས་བྱེད་ཐབས་སྔ་ཙམ་དམིགས་སར་འཁྱོལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་ནས་བྱེད་པོའི་འགན་འཁྲི་དམ་འཛིན་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་ཁུར་མཁན་ས་གནས་དང་སྡེ་ཚན་ཡིན་ཕྱིན་ཚང་མས་འགན་འཁྲི་གསལ་རྟོགས་དང་། འགན་ལེན་འགན་སྒྲུབ། རང་གནས་རང་འདུག རང་འགན་རང་སྒྲུབ་བཅས་བྱེད་དགོས་པ་དང་། སྣེ་ཁྲིད་མཁན་སྡེ་ཚན་གྱིས་ལག་འགྲིམ་གྱི་སྒྱུར་བཅོས་བྱེད་ཐབས་ཐད་སྐད་ཆ་འདྲི་བ་དང་འགན་འཁུར་ནས་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། ས་གནས་ཏང་ཨུད་ཀྱིས་ཀྲུང་དབྱང་དང་ས་གནས་པ་རིམ་གཉིས་ཀྱི་བླང་བྱ་སྤྱི་འདོམས་ཡག་པོ་བྱས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་ལྟ་སྐུལ་མཐུན་སྦྱོར་ལ་དམ་འཛིན་བྱས་ཏེ་སྡེ་ཚན་གྱིས་མཐུན་སྦྱོར་བྱེད་དཀའ་བ་དང་སྲིད་ཇུས་སྦྲེལ་མཐུད་དཀའ་བའི་སྒྱུར་བཅོས་བྱེད་ཐབས་གཙོ་བོར་བཟུང་སྟེ་སྒྱུར་བཅོས་བྱེད་ཐབས་འདོན་པའི་གོ་སྐབས་དང་འཕེལ་རིམ་ཇུས་འགོད་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགལ་ཟླ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་དགོས། གཡོ་ཟོལ་དང་། ནར་འགྱངས་ཁག་དཀྲི ཡང་ཡང་འགྱངས་ནས་ལས་དོན་མི་སྤེལ་མཁན་དང་། མཐོང་ཆེན་བྱ་རྒྱུ་མི་འདང་བ། ཞིབ་འཇུག་བྱེད་ཉུང་བ། ལག་བསྟར་ཡག་པོ་མི་བྱེད་མཁན་བཅས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ། གསུམ་ནས་ལྟ་ཞིབ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་ལྟ་ཞིབ་ཀྱི་འགན་ནུས་ལ་ཤུགས་སྣོན་རྒྱག་པ་དང་ལྟ་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གོང་འོག་སྦྲེལ་མཐུད་དང་ཕན་ཚུན་མཉམ་འགུལ་གྱི་ལྟ་ཞིབ་ལས་དོན་གྱི་རྣམ་པ་ཆགས་རྒྱུར་དམ་འཛིན་བྱེད་དགོས། ལྟ་ཞིབ་ཀྱི་འབྲས་བུ་སྤྱོད་རྒྱུར་མཐོང་ཆེན་བྱས་ཏེ་གནད་དོན་ཤེས་རྟོགས་བྱུང་རིགས་ཐོ་འགོད་བྱེད་པ་དང་། འགན་འཁྲི་ཁ་གསལ། དུས་ཚོད་གཏན་འཁེལ། ཐོ་འགོད་དག་ཐེར་བཅས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་ལྟ་ཞིབ་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་གཏན་འཁེལ་བྱས་ཏེ་ལྟ་ཞིབ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཤུགས་ཆེན་བྱས་ནས་ཏང་ཡོངས་ཀྱི་གོང་འོག་ཚང་མས་སྒྱུར་བཅོས་དོན་འཁྱོལ་དམ་འཛིན་བྱེད་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ། བཞི་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་ལྟ་སྒྲུབ་མཐུན་སྦྱོར་དང་། ལྟ་སྐུལ་དོན་འཁྱོལ། དཔྱད་ཞིབ་ལྕག་འདེབས། འགན་འཁྲི་བདའ་འདེད་སོགས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་བྱེད་དགོས་པ། ལྔ་ནས་སྒྱུར་བཅོས་ཀྱི་གྲུབ་འབྲས་དམ་འཛིན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་མིན་དང་མི་དམངས་མང་ཚོགས་ལ་ཏན་ཏན་ཏིག་ཏིག་གི་ཐོབ་སེམས་ཐོབ་མིན་དེ་སྒྱུར་བཅོས་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་ཚད་གཞིར་བརྩི་དགོས། སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱ་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་དམ་འཛིན་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སྒྱུར་བཅོས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད། འཕེལ་རྒྱས་དོན་གཉེར་བྱ་རྒྱུར་དམིགས་ནས་སྒྱུར་བཅོས་ལ་དམ་འཛིན་བྱེད་དགོས་པ། དྲུག་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་སྒྱུར་བཅོས་ཀྱི་ཉམས་མྱོང་འཕྲལ་དུ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་། གྲུབ་འབྲས་ཁག་ཕྱོགས་སྡོམ་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བཏང་སྟེ་ལག་ལེན་གྱི་གྲུབ་འབྲས་དེ་ལམ་ལུགས་ཀྱི་གྲུབ་འབྲས་སུ་ཧུར་ཐག་འགྱུར་བ་བྱེད་དགོས། སྒྱུར་བཅོས་ཚོད་ལྟའི་བཀོད་སྒྲིག་ཐད་དམིགས་ཡུལ་ཁ་གསལ་ཡོད་པ་དང་དཔེ་ལྟ་ཐུབ་པ་དང་ཁྱབ་གདལ་གཏོང་ཐུབ་པ་བྱེད་པ་ལས། མིང་ཙམ་གྱི་ཐོབ་ཐང་སྤྲོད་པ་དང་། སྲིད་ཇུས་བརྩོན་ལེན། མ་དངུལ་བརྩོན་ལེན། རྣམ་གྲངས་བརྩོན་ལེན་བཅས་ཀྱི་ཁ་ཕྱོགས་ཐོག་ཁྲིད་སྟོན་བྱ་རྒྱུ་མེད།
         ཚོགས་འདུའི་ཐོག་སྒྱུར་བཅོས་ལ་བརྩི་བཀུར་དང་། སྒྱུར་བཅོས་ལ་རྒྱབ་སྐྱོར། འགན་འཁྲི་ཁུར་ཕོད་པ་བཅས་བྱེད་མཁན་ནི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་མཁན་ཡིན། སྒྱུར་བཅོས་ལག་ཐོག་ནས་དམ་འཛིན་བྱེད་མཁན་དང་། དོན་ཐོག་ཏུ་འཁྱོལ་བ་བྱེད་མཁན། སྒྲུབ་ནས་ཕན་འབྲས་ཐོན་པ་བྱེད་མཁན་བཅས་ནི་དངོས་སྒྲུབ་མཁས་ཅན་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་འགན་ཁུར་བློ་མཐུན་གཙོ་བོས་སྒྱུར་བཅོས་དམ་འཛིན་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ཐད་ཐད་ཀའི་འགན་འཁྲི་འཁུར་ཡོད་པས་ཇུས་འགོད་ཐད་དམ་འཛིན་དང་། བཀོད་སྒྲིག་ཐད་དམ་འཛིན། ལྟ་ཞིབ་ཐད་དམ་འཛིན། དོན་འཁྱོལ་ཐད་དམ་འཛིན་བཅས་བྱེད་དགོས་པ་དང་། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ལ་ཚད་མཐོའི་མཐོང་ཆེན་དང་རང་ངོ་མས་ཤུགས་རྒྱག་པ་དང་སྒྲུབ་དགོས་པ་དང་འབྲེལ་ཀྲུང་དབྱང་གིས་བཏོན་པའི་ཞིབ་ཕྲའི་བླང་བྱ་མཐའ་གཅིག་ཏུ་སྒྲུབ་པ་དང་ཆད་ལུས་མེད་པའི་སྒོ་ནས་དོན་འཁྱོལ་བྱེད་དགོས་པ། ཀྲུང་དབྱང་གིས་བཏོན་པའི་རྩ་དོན་གྱི་བླང་བྱ་དོན་དངོས་དང་བསྟུན་ནས་ཞིབ་ཚགས་སུ་གཏོང་དགོས་པ། ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་སྒྱུར་བཅོས་ལས་འགན་དམ་འཛིན་བྱས་ནས་སྐུལ་འདེད་གཏོང་བ་དང་ཚད་བརྒལ་བྱེད་ཕོད་པ་དང་འབྲེལ་སྤྱི་ཡོངས་ལ་གཞི་ཚུགས་པ་དང་ཁྱོན་ཡོངས་ལ་བསམ་བློ་གཏོང་དགོས་པ། གྲོང་ཁྱེར་དང་རྫོང་རིམ་པས་སྟོབས་ཤུགས་བཀོད་སྒྲིག་བྱ་རྒྱུར་དོ་སྣང་དང་ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ཏེ་སེམས་ནུས“མཐའ་མའི་འགག་གནད”སྒྲོལ་བའི་ཐད་གཅིག་སྡུད་བྱེད་དགོས་པ། ས་གནས་ཁག་གི་གསར་གཏོད་ཉམས་མྱོང་གསར་པ་ཕྱོགས་སྡོམ་བྱས་ཏེ་སྔོན་ཐོན་དཔེ་མཚོན་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་མཐོང་ཆེན་བྱས་ཏེ་གཞི་རིམ་ལ་ལྟ་བ་དང་གཞི་རིམ་དུ་བསྐྱོད་དེ་གཞི་རིམ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་རེ་སྒུག་ལ་བསམ་བློ་བཏང་སྟེ་སྒྱུར་བཅོས་དེ་གཞི་རིམ་གྱི་ལས་དོན་དང་མཐུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།