མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སེམས་ཤུགས་གཅིག་སྒྲིལ་ངང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་03ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་སྐབས་བྲིས་པ། ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་བརྗོད།
         དཔྱིད་ཀ་ནི་རེ་བས་ཁེངས་པའི་དུས་ཚིགས་ཤིག་ཡིན་ལ་འབྱུང་འགྱུར་འཆར་འགོད་བྱེད་པའི་དུས་སྐབས་ཤིག་ཀྱང་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་རྒྱལ་ས་པེ་ཅིང་དུ་མཉམ་འཛོམས་གནང་སྟེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཆེད་ཇུས་ཆེན་མཉམ་གྲོས་དང་ཇུས་བཟང་མཉམ་འདོན་གནང་རྒྱུ་རེད། ཚོགས་འདུ་གཉིས་འགོ་ཚུགས་གྲབས་ཡོད་པ་དང་སྦྲགས་ཀྲུང་གོ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་བུ་གསར་པ་འབྱེད་འགོ་ཚུགས་ཡོད།
         འདས་ཟིན་པའི་ལོ་གཅིག་ནང“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་འགངས་ཆེན་གསར་པ་ཐོབ་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་འགག་སྒྲོལ་དཀའ་སེལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གནང་བས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། རིག་གནས་ཀྱི་འཇམ་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་སྐས་རིམ་གསར་པར་སླེབས་ཡོད། དེ་ནི་རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཤུགས་རྡོག་རྩ་གཅིག་སྒྲིལ་དང་ཞུམ་མེད་འབད་འཐབ་ཀྱིས་བརྩོན་ལེན་བྱས་པའི་འབྲས་བུ་ཡིན་པ་དེ་ཐོག་ནས་ཀྲུང་གོའི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྟོབས་ཆེན་དང་གསོན་ཤུགས་སྟོབས་ཆེན་གང་ལེགས་མངོན་ཡོད། འདས་ཟིན་པའི་ལོ་གཅིག་ནང་མི་དམངས་སྲིད་གྲོས་ཀྱིས་བརྗོད་བྱ་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱས་ཏེ་ལས་དོན་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྒྱུར་འཕེལ་བརྟན་གསུམ་ལ་དམིགས་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།
         འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགོ་འཛུགས་ལོ་ཞིག་ཡིན་ལ་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་གཞིར་བཟུང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་གོང་མཐོར་གཏོང་རྒྱུ་ལྟེ་བར་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཁྲིད་སྟོན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ཆགས་པ་བྱ་རྒྱུ་དེ་ང་ཚོར་འཕྲད་པའི་ལས་འགན་གསར་པ་ཡིན་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཡང་ཡིན། འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་འཐུས་མིའི་རང་བཞིན་ཤུགས་ཆེ་བ་དང་། འབྲེལ་གཏུག་བྱེད་ཁྱོན་ཆེ་བ། བསྟུན་མཁས་རང་བཞིན་ཆེ་བ་བཅས་ཀྱི་ལེགས་ཆ་དང་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་གྱི་ནུས་པ་གང་ལེགས་བཏོན་ཚེ་བྱ་གཞག་འཕེལ་རྒྱས་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་བསྣན་ཐུབ་ཐོག“ལོ་ལྔ་ཚན་བཅུ་གསུམ་པར”འགོ་ཡག་པོ་ཞིག་འཛུགས་ཆེད་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ།
         དུས་ཡུན་རིང་པོའི་ནང་མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་བསྒྲུབས་ཏེ་ཤེས་ལྡན་པ་མང་བ་དང་བློ་གྲོས་ཅན་མང་འདུས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མི་དམངས་སྲིད་གྲོས་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པའི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན་པ་ལག་ལེན་ཁྲོད་ནས་ར་སྤྲོད་བྱུང་ཡོད། ཆུ་སྣ་མང་པོའི་ཆུ་འགོ་མ་གཅིག་ཀྱང་འཛོམས་ས་རྒྱ་མཚོ་གཅིག་ཏུ་ཡིན་ཞེས་པ་ལྟར་ང་ཚོའི་དམིགས་ཡུལ་ཇི་ཙམ་རླབས་ཆེ་བ་དང་། ང་ཚོའི་འགན་འཁྲི་ཇི་ཙམ་དཀའ་ཚེགས་ཆེ་བ། ང་ཚོའི་ལས་འགན་ཇི་ཙམ་ལྕི་བ་བཅས་ཡོད་ཚེ་དེ་ཙམ་གྱིས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་དང་མཐུན་སྒྲིལ་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་ཀྱི་ཡོད། དུས་བབ་གསར་པའི་འོག་ཆེད་མངགས་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་གྲོས་མོལ་དམངས་གཙོ་དེ་འགན་ནུས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་འབྲེལ་བ་མཐུན་སྦྱོར་དང་། སྟོབས་ཤུགས་གཅིག་སྒྲིལ། ཐབས་འདོན་ཇུས་འགོད། སྤྱི་ཡོངས་ལ་ཞབས་ཞུ་བཅས་དེ་བས་ལེགས་པ་བྱས་ཚེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མཐུན་རྐྱེན་མཐའ་དག་སྐུལ་སློང་ཐུབ་པ་དང་མཐུན་སྒྲིལ་བྱེད་ཐུབ་རིགས་མཐུན་སྒྲིལ་བྱས་སྟེ་ཕྱར་བ་གྲུ་འདེགས་ངང་རླབས་ཆེན་བྱ་གཞག་སྒྲུབ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་ཐུབ།
         དམངས་གཙོ་ནི་རྒྱན་ཆ་དང་སྒྲིག་ཆས་ཙམ་ཞིག་མ་ཡིན་པར་དེ་ནི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་སྦྲེལ་ཟམ་དང་གནད་དོན་ཐག་གཅོད་བྱེད་པའི་ལག་ཆ་ལྟ་བུར་འགྱུར་བ་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་ཐུབ་པ་བྱེད་པའི་བགྲོད་ལམ་དེ་ཙམ་བདེ་པོ་མེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་འགངས་ཆེན་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཀའ་གནད་ནས་གསར་གཏོད་དང་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གནད་དོན་དང་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གླེང་མང་བའི་གནད་དོན་བར་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་ཁོང་དུ་ཆུད་པ་བྱས་ཏེ་རིག་སྟོབས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཡག་པོ་སྤྱད་ནས་དམིགས་ས་ཡོད་པ་དང་རྣག་ཐོག་གཙག་འཁེལ་གྱི་ལྟ་བ་ཡང་དག་འདོན་པ་དང་དངོས་སྒྲུབ་སྤྱོད་གོ་ཆོད་པ་དང་གནད་ལ་འཁེལ་བའི་ཐབས་ཇུས་དང་གྲོས་འགོ་བཏོན་ཐོག་སྒྱུར་བཅོས་འཕེལ་རྒྱས་ཆེད་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་། སྟོབས་ཤུགས་གཅིག་སྒྲིལ། སྒྲིལ་ཤུགས་འཕེལ་བ་བཅས་བྱེད་དགོས་པའི་རེ་འབོད་བྱེད་ཀྱི་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞིབ་དཔྱོད་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་བསྡུར་བྱ་རྒྱུར་འབུལ་སྐབས་དམངས་གཙོ་དེ་བས་དར་སྤེལ་དང་བློ་བསྡུས་དགེ་འཚོལ་གང་ལེགས་བྱས་ཏེ་འཆར་འགོད་ཀྱི་རྩ་གནད་ཡག་པོ་བཟོས་ནས་འཆར་འགོད་རྩ་གནད་ལག་བསྟར་དེ་བས་ཡག་པ་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་དམངས་འཚོར་བརྟེན་ནས་གསོན་ཤུགས་འཕེལ་བ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་ཆེད་ཐབས་དང་ནུས་ཤུགས་འདོན་རྒྱུ་དེ་འགན་ནུས་སྒྲུབ་པའི་གཙོ་རྐང་དུ་བརྩི་བ་དང་གྲོས་མོལ་དམངས་གཙོ་མཐའ་འཁྱོངས་ཡག་པོ་བྱེད་པ་དང་། འཕེལ་རྒྱས་ཡག་པོ་གཏོང་བ། བཀོལ་སྤྱོད་ཡག་པོ་བཅས་བྱས་ཚེ་མི་དམངས་སྲིད་གྲོས་ལ་བྱེད་རིན་ཆེན་པོ་ཡོད་པ་དང་རེ་བས་ཁེངས་སྲིད་སྟབས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད།
          “མི་དམངས་ཀྱིས་ངེད་ཚོར་རེ་སྒུག་བྱེད་པ་དང་ལོ་རྒྱུས་ཀྱིས་ངེད་ཚོར་རེ་སྒུག་བྱེད་ལ་འཛམ་གླིང་གིས་ཀྱང་ངེད་ཚོར་རེ་སྒུག་བྱེད་བཞིན་ཡོད” སྟོབས་ཤུགས་དེ་ནས་གཅིག་ཏུ་སྒྲིལ་བ་དང་ཕུགས་འདུན་དེ་ནས་འགོ་འཛུགས་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམ་པས་ནུས་ལྡན་གྱི་ཐབས་མང་ཙམ་འདོན་པ་དང་། ཇུས་བཟང་མང་ཙམ་གཉེར་བ། བྱ་ཐབས་དངོས་མང་ཙམ་འདོན་པ་བཅས་གནང་ནས“ལོ་ལྔ་ཚན་བཅུ་གསུམ་པར”འགོ་ཡག་པོ་ཞིག་འཛུགས་ཐུབ་ཆེད་སེམས་ཤུགས་གཅིག་སྒྲིལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
         ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།