མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འཕེལ་སྒྱུར་ཨུ་ལྷན་སོགས་པུའུ་ཨུད་ལྔ་ཡིས་ཡིག་ཆ་བཀྲམ་ནས་འོད་ཤུགས་གློག་གཏོང་
གི་དབུལ་སྐྱོར་ལས་དོན་སྤེལ་རྒྱུར་སྐུལ་མ་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་དུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། རྒྱལ་ཁབ་ནུས་རྒྱུ་ཅུས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བཅས་ཀྱིས། 《འོད་ཤུགས་གློག་གཏོང་གི་དབུལ་སྐྱོར་ལས་དོན་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》མཉམ་འབྲེལ་ཐོག་བཀྲམ་ནས། འོད་ཤུགས་འཛུགས་སྐྲུན་གྱི་ཆ་རྐྱེན་འཛོམས་པའི་རྒྱལ་ཡོངས་ཀྱི་ས་ཁུལ་དབུལ་པོར་འོད་ཤུགས་དབུལ་སྐྱོར་གྱི་འདུ་འགོད་ལག་ལེན་བསྟར་རྒྱུའི་ཐག་བཅད་པ་རེད། བསམ་འཆར་ནང་2020ལོའི་གོང་དུ་དུས་འགོའི་ཚོད་ལྟ་བྱ་ཡུལ་འོད་འཕྲོའི་ཆ་རྐྱེན་ལེགས་པའི་ཞིང་ཆེན་16གི་རྫོང་471གི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ཁྲི་3.5ཙམ་ལ། གྲོང་ཚོ་ཧྲིལ་པོར་སྐུལ་མ་གཏོང་བའི་ཐབས་ཤེས་ལ་བརྟེན་ནས། ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་ནུས་ཤུགས་མེད་པའི་དུད་ཚང་དབུལ་པོ་(དབང་སྐྱོན་ཚུད་པ)ཁྲི་200ལ་ལོ་རེར་དུད་ཚང་རེར་ཡོང་འབབ་སྒོར་3000ཡན་འཕར་རྒྱུ་འགན་ལེན་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།
         བསམ་འཆར་ནང་འོད་ཤུགས་གློག་གཏོང་གི་དབུལ་སྐྱོར་བྱེད་པར། དང་ཐོག་དབུལ་སྐྱོར་བྱ་ཡུལ་འཕྱུགས་མེད་དབྱེ་འབྱེད་ཀྱི་གཏན་འཁེལ་བྱེད་པ་དང་། གཏན་འཁེལ་ཟིན་པའི་འོད་ཤུགས་དབུལ་སྐྱོར་གྱི་ཁྱབ་ཁོངས་སུ་རྫོང་ཚན་པར་བྱས་ནས་དབུལ་སྐྱོར་བྱ་ཡུལ་དང་མི་འབོར་དབུལ་པོའི་གནས་ཚུལ་ཞིབ་ཕྲ་བརྟག་དཔྱད་མཐིལ་རྟོགས་བྱེད་པ་དང་། འོད་ཤུགས་དབུལ་སྐྱོར་མི་འབོར་གྱི་ཆ་འཕྲིན་དོ་དམ་མ་ལག་འཛུགས་དགོས་པ་དང་། དེ་རྗེས་ཡུལ་བབ་དང་བསྟུན་ནས་འོད་ཤུགས་དབུལ་སྐྱོར་བྱེད་སྟངས་གཏན་འཁེལ་བྱས་ཏེ། དབུས་ཤར་རྒྱུད་ཀྱི་ས་ཆའི་ཐོན་ཁུངས་ཁ་ཐང་བའི་ས་ཁུལ་དུ་གྲོང་ཚོ་རིམ་པའི་འོད་ཤུགས་གློག་ཁང་གཙོ་བོར་བྱེད་པ་དང་། ས་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ནུབ་རྒྱུད་དང་དབུས་རྒྱུད་ཀྱི་ས་ཁུལ་དུ་གཞི་ཁྱོན་འོས་འཚམ་གྱི་གཅིག་སྡུད་རྣམ་པའི་འོད་ཤུགས་གློག་ཁང་བསྐྲུན་ཆོག་པ་བཏོན་ཡོད་པ་རེད།
         བསམ་འཆར་ནང་དབུལ་སྐྱོར་གྱི་ཁེ་ཕན་བགོ་བཤའ་རྒྱག་པའི་དོ་དམ་ལམ་ལུགས་བཟོས་ནས་དབུལ་སྐྱོར་བྱ་ཡུལ་གནད་སྨིན་དབྱེ་འབྱེད་དང་ཆབས་ཅིག་གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ནས་དོ་དམ་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་མ་དངུལ་བཏང་ནས་རོགས་སྐྲུན་བྱས་པའི་གྲོང་ཚོ་རིམ་པའི་འོད་ཤུགས་གློག་ཁང་གི་མ་དངུལ་དེ་གྲོང་ཚོའི་མཉམ་སྡེབ་ལ་དབང་བ་དང་། གྲོང་ཚོའི་མཉམ་སྡེབ་ཀྱིས་རྣམ་གྲངས་ཀྱི་ཁེ་བཟང་བགོ་བཤའ་རྒྱག་ཐབས་གཏན་འཁེལ་བྱེད་པ་དང་ཁེ་བཟང་ཕལ་ཆེ་བ་ཆ་རྐྱེན་དང་མཐུན་པའི་དབུལ་སྐྱོར་བྱ་ཡུལ་ལ་ཐད་ཀར་བགོ་བཤའ་རྒྱག་པ་དང་། ཉུང་ཤས་ཤིག་གྲོང་ཚོའི་མཉམ་སྡེབ་ཀྱི་སྤྱི་ཕན་རང་བཞིན་གྱི་དབུལ་སྐྱོར་མ་དངུལ་ལ་བརྩིས་ནས་བེད་སྤྱོད་གཏོང་རྒྱུ། དུད་ཚང་དབུལ་པོའི་ཁང་སྟེང་དང་དེ་བཞིན་སྒོ་རའི་ནང་སྒྲིག་སྦྱོར་བྱས་པའི་དུད་ཚང་གིས་སྤྱོད་པའི་འོད་ཤུགས་མ་ལག་གི་བདག་དབང་དེ་དུད་ཚང་དབུལ་པོར་དབང་བ་དང་། ཁེ་བཟང་ཚང་མ་དུད་ཚང་དབུལ་པོར་དབང་རྒྱུ། ས་གནས་སྲིད་གཞུང་གིས་དམིགས་བཙུགས་བྱས་པའི་མ་འཇོག་དང་མ་དངུལ་མཉམ་བསྡུའི་བྱེད་པོ་དང་། ཚོང་ལས་ཅན་གྱི་མ་འཇོག་ཁེ་ལས་ཀྱིས་མ་དངུལ་མཉམ་འཇོག་བྱས་ནས་བསྐྲུན་པའི་འོད་ཤུགས་དབུལ་སྐྱོར་གློག་ཁང་རྣམ་གྲངས་ཀྱི་མ་དངུལ་དེ་མ་འཇོག་དང་མ་དངུལ་མཉམ་བསྡུའི་བྱེད་པོ་དང་མ་འཇོག་ཁེ་ལས་ལ་ཐུན་མོང་དུ་དབང་བ་དང་། ཁེ་བཟང་དེ་མ་རྐང་གི་བསྡུར་བ་གཞིར་བཟུང་བགོ་བཤའ་རྒྱག་པ་དང་མ་འཇོག་དང་མ་དངུལ་མཉམ་བསྡུའི་བྱེད་པོས་བཟུང་བའི་མ་རྐང་དེ་མ་རྐང་དུ་ཕབ་པ་དང་ཚད་འབེབས་བྱས་ནས་དབུལ་སྐྱོར་བྱ་ཡུལ་ལ་སྤྲོད་རྒྱུ་མ་ཟད། དབུལ་སྐྱོར་བྱ་ཡུལ་གྱི་ཚབ་བྱས་ནས་རྣམ་གྲངས་ཀྱི་མ་འཇོག་གཉེར་སྐྱོང་ནང་ཞུགས་མཁན་ལ་ཟླ་རེ་(དུས་ཚིགས་རེ)གཞིར་བཟུང་དབུལ་སྐྱོར་བྱ་ཡུལ་ལ་མ་དངུལ་བགོ་བཤའ་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།