མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཐོ་སློབ་མང་པོས་གྲོང་གསེབ་ཀྱི་སློབ་མ་དབུལ་པོར་དམིགས་ནས་རང་བརྟེན་སློབ་བསྡུའི་
འཆར་གཞི་འགོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཆིང་ཧྭ་སློབ་ཆེན་དང་། པེ་ཅིང་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན་སོགས་མཐོ་སློབ་ཀྱིས་ཉེ་ཆར་2016ལོར་ཆེད་མངགས་གྲོང་གསེབ་ཀྱི་སློབ་མ་དབུལ་པོར་དམིགས་པའི་ནས་རང་བརྟེན་སློབ་བསྡུའི་འཆར་གཞི་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པ་རེད། འཆར་གཞི་དེ་མཐའ་མཚམས་རྒྱང་རིང་དང་། དབུལ་པོ། མི་རིགས་སོགས་ས་ཁུལ་གྱི་རྫོང་(རྫོང་རིམ་པའི་གྲོང་ཁྱེར་ཚུད་པ)དང་དེ་བཞིན་རྫོང་མན་ཆད་ཀྱི་མཐོ་རིམ་སློབ་འབྲིང་གི་གྲོང་གསེབ་ཀྱི་སློབ་མར་ཕྱོགས་པའི་སྙན་ཞུ་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དང་ས་ཁུལ་དབུལ་པོ་ནས་ཡོང་བའི་ཕུལ་བྱུང་སློབ་མ་མང་པོར་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ཉམས་སུ་མྱོང་ཐུབ་པ་བྱ་རྒྱུ་དེ་ཡིན།
         ཆིང་ཧྭ་སློབ་ཆེན་གྱིས་སྤེལ་བའི་རང་སྟོབས་ཆེར་གཏོང་གི་འཆར་གཞི་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་གིས་ཞིབ་ཕྲའི་ལག་བསྟར་ས་ཁོངས་གཏན་འཁེལ་བྱས་ཏེ་མཐའ་མཚམས་རྒྱང་རིང་དང་། དབུལ་པོ། མི་རིགས་སོགས་ས་ཁུལ་གྱི་རྫོང་(རྫོང་རིམ་པའི་གྲོང་ཁྱེར་ཚུད་པ)དང་དེ་བཞིན་རྫོང་མན་ཆད་ཀྱི་མཐོ་རིམ་སློབ་འབྲིང་ནས་འབད་བརྩོན་ལྷོད་མེད་དང་། སྤྱོད་ཡོན་གཉིས་ལྡན། སྙིང་རུས་ཆེ་ཞིང་སློབ་སྦྱོང་ལ་དགའ་བ། ཕུལ་བྱུང་གི་སྦྱང་འབྲས་ལྡན་པ་བཅས་ཀྱི་གྲོང་གསེབ་ཀྱི་སློབ་མ་གཙོ་བོར་བསྡུ་རྒྱུ་དེ་ཡིན། རྒྱུགས་སྤྲོད་སློབ་མ་དང་དེ་བཞིན་དེའི་ཕ་མའམ་ཡང་ན་ཁྲིམས་གཏན་འཁེལ་བའི་ལྟ་སྐྱོང་མཁན་གྱི་ཐེམ་ཐོ་ངེས་པར་དུ་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དེ་རང་དུ་ལག་བསྟར་བྱེད་པའི་ས་ཁོངས་ཀྱི་གྲོང་གསེབ་ཡིན་དགོས་པ་དང་། རྒྱུགས་སྤྲོད་སློབ་མར་ངེས་པར་དུ་ས་ཆ་དེ་རང་དུ་ལོ་3(ཚུད་པ)དང་དེ་ཡན་གྱི་ཐེམ་ཐོ་ཡོད་པ་དང་ས་གནས་དེ་གའི་མཐོ་རིམ་སློབ་འབྲིང་དུ་ལོ་3བསྟུད་མར་སློབ་གྲྭའི་སྐྱིད་སྡུག་ནང་ཞུགས་པ་དང་འབྲེལ་དེ་རང་དུ་སློབ་སྦྱོང་བྱས་པ་དང་ལོ་དེའི་མཐོ་སློབ་ཀྱི་གཅིག་གྱུར་ཐོ་འགོད་ཀྱི་ཆ་རྐྱེན་ཚང་བ་བཅས་དགོས།
         པེ་ཅིང་སློབ་ཆེན་གྱི“ཕུགས་འདུན་སྒྲུབ་པའི་འཆར་གཞིའི”སློབ་བསྡུའི་འཆར་གཞི་དེ་སློབ་གསོ་སྡེ་ཚན་གྱིས་ཞིབ་དཔྱད་བྱས་པའི་མཐོ་སློབ་ཀྱི་ཆེད་དོན་འཆར་གཞིའི་སློབ་བསྡུའི་གྲངས་ཚད་ལ་གཞིགས་ཏེ་ལག་བསྟར་བྱ་རྒྱུ་རེད། སློབ་བསྡུ་བྱ་ཡུལ་ནང་ཡོན་ཕེ་སློབ་གླིང་དང་། དངོས་ཁམས་སློབ་གླིང་། ཆ་འཕྲིན་ཚན་རྩལ་སློབ་གླིང་། བཟོ་རྩལ་རིག་པའི་སློབ་གླིང་། སེམས་ཁམས་རིག་པའི་ཚན་ཁག ཀྲུང་གོའི་སྐད་ཡིག་རྩོམ་རིག་ཚན་ཁག ཆེ་སྲོག་ཚན་རིག་སློབ་གླིང་སོགས་སློབ་གླིང་དང་ཚན་ཁག་མང་པོ་ཚུད་ཡོད། ཚད་ལེན་ཚོད་ལྟ་བྱ་རྒྱུ་དེ་ཡིག་ཐོག་རྒྱུགས་ལེན་དང་། ངོ་འཕྲད་རྒྱུགས་ལེན། གཟུགས་གཞི་ཚད་ལེན་བཅས་སུ་དབྱེ་བ་དང་མཇུག་ཏུ་ཡིག་ཐོག་རྒྱུགས་ལེན་དང་ངོ་འཕྲད་རྒྱུགས་ལེན་གྱི་སྦྱང་འབྲས་ལ་གཞིགས་ཏེ་ཐོག་མའི་ཞིབ་བཤེར་དཔྱད་དཔོག་བྱས་འབྲས་དང་གཟུགས་པོའི་ཚད་ལེན་བྱ་ཚུལ་དེ་སློབ་བསྡུའི་དཔྱད་གཞིར་བཟུང་ནས་ཕྱོགས་བསྡུས་དཔྱད་དཔོག་དང་ལེགས་གྲས་ལེགས་འདེམས་ཀྱི“ཕུགས་འདུན་སྒྲུབ་པའི་འཆར་གཞིའི”སློབ་བསྡུའི་ཐོབ་ཐང་ལྡན་པའི་རྒྱུགས་སྤྲོད་སློབ་མའི་མིང་ཐོ་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད། “ཕུགས་འདུན་སྒྲུབ་པའི་འཆར་གཞི”ལྡན་པའི་ཐོབ་ཐང་ཡོད་པའི་རྒྱུགས་སྤྲོད་སློབ་མ་མཐོ་སློབ་སློབ་བསྡུ་བྱེད་སྐབས་ས་གནས་དེ་གའི་དངོས་གཞིའི་ཚན་ཁག་དང་པོའི་ཚོད་འཛིན་སྐར་གྲངས་བར་བཅག་ནས་བསྡུ་བའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་ཞིབ་ཕྲའི་སྐར་གྲངས་གཅོག་ཚད་པེ་ཅིང་སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་བསྡུ་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ་རེད།