མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་སྐབས་ལྔ་
པ་ཆིང་ཏའོ་རུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའུ་དང་ཆིང་ཏའོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་སྐབས་ལྔ་པ་དེ་ཆིང་ཏའོ་རུ་འགོ་ཚུགས་པ་རེད།
          འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་འཁྲབ་སྐབས་ལྔ་པའི་ནང་ཞུགས་མཁན་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་31དང་དེ་བཞིན་ཤིན་ཅང་འཛུགས་སྐྲུན་པིང་ཐོན་དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་འཐུས་མིའི་རུ་ཁག་གིས་རིམ་པ་བཞིན་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཞབས་བྲོ་ཐུང་ངུ་རེ་འཁྲབ་ཡོད། དེ་རྗེས་འགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་《ཉི་འོད་འོག་ཏུ་འཚར་ལོངས་བྱུང་》ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ་ཉི་གཞོན་དང་། མཉམ་བགྲོད། འཚར་ལོངས། མཇུག་བསྡུ་བཅས་ཁག་བཞི་ལ་དབྱེ་བ་དག་ཆིང་ཏའོ་ཡི་སློབ་གྲྭ་65ཡི་དགེ་སློབ་3900ལྷག་ཙམ་གྱིས་འཁྲབ།
          ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་དེ་བཞིན་ཤིན་ཅང་འཛུགས་སྐྲུན་པིང་ཐོན་དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་དགེ་སློབ་7000ལྷག་ཙམ་ད་ཐེངས་ཀྱི་འགྲེམས་འཁྲབ་བྱེད་སྒོའི་ནང་ཞུགས་ཡོད། འགྲེམས་འཁྲབ་བྱེད་རིང་ཆིང་ཏའོ་ཡིས་འགོ་ཚུགས་མཛད་སྒོ་དང་། མཇུག་འགྲིལ་མཛད་སྒོ སྒྱུ་རྩལ་འཁྲབ་སྟོན་རིགས་ཀྱི་ལེ་ཚན་འཁྲབ་སྟོན་ཐེངས་9 སློབ་མའི་སྒྱུ་རྩལ་སྦྱོང་གནས་40ཡི་འགྲེམས་སྟོན། སློབ་མའི་སྒྱུ་རྩལ་བརྩམས་ཆོས་298འགྲེམས་སྟོན་བཅས་བྱ་རྒྱུ་དང་སློབ་གྲྭ་འབྲིང་ཆུང་སློབ་མའི་སྒྱུ་རྩལ་དང་། སློབ་གསོ། ཚན་ཞིབ་བཅས་ཀྱི་དཔྱད་རྩོམ་གྱི་སྙན་སེང་ཚོགས་འདུ་ཡང་འཚོག་རྒྱུ་ཡིན་པ་རེད།
          སྐབས་འདིའི་འགྲེམས་འཁྲབ་བྱེད་སྒོ་2014ལོའི་ཟླ་11པར་འགོ་བཙུགས་པ་ནས་བཟུང་། ལོ་གཅིག་དང་ལོ་ཕྱེད་ལྷག་ཙམ་ནང་སློབ་གྲྭའི་བྱེད་སྒོ་ཁྱབ་གདལ་དང་། ཞིང་ཆེན་རིམ་པའི་སྤེལ་རེས་སློབ་སྦྱོང་། རྒྱལ་ཡོངས་སུ་འགྲེམས་སྟོན་སྣེ་ཁྲིད་བཅས་དུས་མཚམས་མི་འདྲ་བ་གསུམ་བརྒྱུད་གཙོ་གནད་གཤམ་སྒྱུར་དང་རིམ་པ་བཞིན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་མ་མི་རེ་ངོ་རེར་མ་མཐར་ཡང་སྒྱུ་རྩལ་གྱི་བྱེད་སྒོ་གཅིག་ནང་ཞུགས་ཐུབ་པ་དང་སྒྱུ་རྩལ་གྱི་དགའ་ཕྱོགས་གཉིས་རེ་ཡོང་བའི་དམིགས་ཚད་འགྲུབ་ཐུབ་པ་བྱས་པ་རེད།
         སྐབས་འདིའི་འགྲེམས་འཁྲབ་ནང“ཐེངས་དང་པོ་བཞི”མངོན་འགྱུར་བྱུང་བ་སྟེ། སློབ་གསོ་པུས་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་དགེ་སློབ་ས་གནས་ས་ཐོག་གི་འགྲེམས་འཁྲབ་བྱེད་སྒོའི་ནང་ཞུགས་རྒྱུར་གདན་ཞུ་བྱེད་ཐེངས་དང་པོ་ཡིན་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ལ་ལེ་ཚན་6ཡོད་པར་དགེ་སློབ་130ཞུགས་པ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ལེ་ཚན་2ཡོད་པར་དགེ་སློབ་60ཞུགས་པ། སྐབས་འདིའི་འགྲེམས་འཁྲབ་ནང་སློབ་མའི་སྒྱུ་རྩལ་སྦྱོང་གནས་རྣམ་གྲངས་འཕར་མ་ཐོག་མར་བཟོས་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ས་ཆ་ཁག་གི་ས་ཁོངས་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་འགྲེམས་སྟོན་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ས་ཁུལ་གྱི་སློབ་ཆུང་སློབ་མར་འགྲེམས་སྟོན་གྱི་སྟེགས་བུ་བཏོད་པ། སྐབས་འདིའི་འགྲེམས་འཁྲབ་ནང་དྲ་ཐོག་ནས་མིང་ཐོ་འགོད་པ་དང་སྒྱུ་རྩལ་སློབ་གསོའི་དཔྱད་རྩོམ་དྲ་ཐོག་ནས་དཔྱད་ཞིབ་བྱ་རྒྱུ་ཐོག་མར་བཟོས་ཏེ་འགྲེམས་འཁྲབ་འདུ་ཚོགས་ལས་དོན་རྩ་འཛུགས་ཀྱི་ལས་ཀ་གནད་ལ་འཁེལ་ཚད་དང་ཐག་གཅོད་བྱེད་ཚད་ཆེ་རུ་བཏང་བ། སྐབས་འདིའི་འགྲེམས་འཁྲབ་སྒྲིག་འཛུགས་ཨུ་ལྷན་གྱིས་ད་དུང་ཆིང་ཏའོ་གྲོང་ཁྱེར་སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱི་8འགྲེམས་འཁྲབ་བྱེད་སྒོའི་ལྟ་ཞིབ་པར་གདན་དྲངས་པ་ཐོག་མ་བཅས་ཡིན་པ་རེད།