མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་2020ལོར་བདེ་ཐང་
སྨན་བཅོས་གྲངས་གཞི་ཆེན་པོའི་ཐོན་ལས་མ་ལག་རགས་ཙམ་ཆགས་
ཐུབ་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་19ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅིན་ཞའོ་ཐའོ་ཡིས། ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དུ་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཐད་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག རང་རྒྱལ་གྱིས་མི་དམངས་ཡོངས་ཀྱི་བདེ་ཐང་འགན་ལེན་བྱེད་རྒྱུ་འགོ་རྩོམ་སར་བཟུང་ཐོག“དྲ་སྦྲེལ་+བདེ་ཐང་སྨན་བཅོས”བརྒྱུད་ཞབས་འདེགས་ཞུ་སྟངས་གསར་པ་འཚོལ་ཞིབ་དང་འཕེལ་རྒྱས་གཉེར་སྐྱོང་རྣམ་པ་གསར་པ་སྐྱེད་སྲིང་བྱས་ཏེ་2020ལོར་སླེབས་སྐབས་རྒྱལ་ཁབ་སྨན་བཅོས་འཕྲོད་བསྟེན་ཆ་འཕྲིན་རིམ་བགོས་སྒོ་དབྱེ་ཉེར་སྤྱོད་ལས་སྟེགས་བཙུགས་ནས་བདེ་ཐང་སྨན་བཅོས་གྲངས་གཞི་ཆེན་པོའི་ཐོན་ལས་མ་ལག་རགས་ཙམ་ཆགས་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཅིན་ཞའོ་ཐའོ་ཡིས། བདེ་ཐང་སྨན་བཅོས་གྲངས་གཞི་ཆེན་པོ་ཞེས་པ་ནི་མི་སྒེར་གྱི་བདེ་ཐང་མ་ཟད་ད་དུང་སྨན་བཅོས་ཞབས་ཞུ་དང་། ནད་ཡམས་སྔོན་འགོག བདེ་ཐང་འགན་སྲུང་། བཟའ་བཅའི་བདེ་འཇགས། ལུས་གསོ་འཕྲོད་སྦྱོར་སོགས་ཕྱོགས་མང་པོའི་གྲངས་གཞི་དང་འབྲེལ་བའི་ཚེ་སྲོག་གི་འཁོར་ཡུན་ཡོངས་ལ་ཁྱབ་པ་ཞིག་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
         ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཐོག་བདེ་ཐང་སྨན་བཅོས་གྲངས་གཞི་ཆེན་པོ་ཉེར་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། མཛུབ་ཁྲིད་བསམ་འཆར་ནང་ཉེར་སྤྱོད་རྨང་གཞི་བརྟན་གཏོང་དང་། ཉེར་སྤྱོད་བྱེད་རྒྱུ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། “དྲ་སྦྲེལ་+བདེ་ཐང་སྨན་བཅོས”ཞབས་ཞུ་ཚད་ལྡན་དུ་གཏོང་བ་དང་དེར་སྐུལ་འདེད་གཏོང་བ། འགན་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་བཞིའི་ཐད་ནས་གཅིག་གྱུར་དང་། དབང་གྲགས། ཕན་ཚུན་སྦྲེལ་མཐུད་བཅས་ཀྱི་མི་འབོར་བདེ་ཐང་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་བྱེད་པ་དང་། གསོ་རིག་གྲངས་གཞི་ཆེན་པོའི་ཐོན་ཁུངས་གཅིག་བསྡུ་བྱེད་པ། རིགས་སྟོབས་བདེ་ཐང་སྨན་བཅོས་ཀྱི་དམངས་ཕན་ཞབས་ཞུ་འཕེལ་རྒྱས་གཏོང་བ། བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞི་བཟོ་བ་དང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལས་འགན་14བཀོད་སྒྲིག་བྱས་ཡོད་པ་རེད།