མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་འཛམ་གླིང་གི་མྱ་ངམ་ཐང་འགོག་བཅོས་ཉིན་མོའི་དྲན་གསོའི་བྱེད་སྒོ་
དང“རྒྱུད་གཅིག་ལམ་གཅིག”ཐུན་མོང་བྱ་སྤྱོད་ཀྱི་རིམ་མཐོའི་
གླེང་མོལ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་19ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་ཚེས་17ཉིན་པེ་ཅིང་དུ་འཛམ་གླིང་གི་མྱ་ངམ་ཐང་འགོག་བཅོས་ཉིན་མོའི་དྲན་གསོའི་བྱེད་སྒོ་དང“རྒྱུད་གཅིག་ལམ་གཅིག”ཐུན་མོང་བྱ་སྤྱོད་རིམ་མཐོའི་གླེང་མོལ་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་གནང་བ་རེད།
         དབང་དབྱང་གིས། ཀྲུང་གོ་ནི་འཛམ་གླིང་ཐོག་གི་མྱ་ངན་ཐང་དུ་འགྱུར་ཁྱོན་ཆེ་ཤོས་དང་དེས་ཤུགས་རྐྱེན་ཐེབས་པའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ཀྲུང་གོ་སྲིད་གཞུང་གིས་མྱ་ངམ་ཐང་འགོག་བཅོས་ལ་ཚད་མཐོའི་མཐོང་ཆེན་སྒོས་ཕན་འབྲས་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སྣོད་བཅུད་འཛུགས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གལ་ཆེན་མཉམ་འཛིན་དང་། བྱེ་བཅོས་དང་དབུལ་བཅོས་གཉིས་རྒྱལ་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མྱ་ངམ་ཐང་འགོག་བཅོས་ལམ་བུ་ཞིག་འཚོལ་ཞིབ་བྱས་ནས་མྱ་ངམ་ཐང་དུ་འགྱུར་ཁྱོན་མུ་མཐུད་ཆེ་རུ་འགྲོ་བའི་རྣམ་པ་སྟངས་འཛིན་རགས་ཙམ་ཐུབ་པ་བྱས་ཡོད། ཀྲུང་གོས་ད་དུང་རང་བྱུང་ལ་བརྩི་བཀུར་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བྱེད་པ་བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་པའི་ཁར། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་མྱ་ངམ་ཐང་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         དབང་དབྱང་གིས། མྱ་ངམ་ཐང་འགྱུར་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”རྒྱུད་ནི་འཛམ་གླིང་ཐོག་གི་མྱ་ངམ་ཐང་འགྱུར་གྱི་གནད་དོན་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པའི་ཆ་ནས། མྱ་ངམ་ཐང་འགོག་བཅོས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་བྱ་སྤྱོད་སྤེལ་རྒྱུ་ནི་སྔར་བས་ལྷག་པའི་གལ་ཆེན་དང་ཁ་ཚ་དགོས་གཏུགས་ཅིག་ཏུ་གྱུར་ཡོད། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་མྱ་ངམ་ཐང་འགོག་བཅོས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཐོག་ངོས་འཛིན་གཅིག་མཐུན་བསྡུ་ལེན་རྒྱ་ཁྱབ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མྱ་ངམ་ཐང་འགོག་བཅོས་ལག་རྩལ་ཐད་ཀྱི་དཀའ་གནད་བསལ་རྒྱུ་དང་། གསར་གཏོད་ཉམས་མྱོང་མཉམ་དུ་སྤྱོད་རྒྱུ། བཅོས་སྒྲིག་གྲུབ་འབྲས་ཀྱིས་ཀུན་ལ་ཕན་འདོགས་རྒྱུ་བཅས་ལ་སྐུལ་འདེད་ཀྱིས་སྣོད་བཅུད་བདེ་འཇགས་ཐད་ཀྱི་ཐུན་མོང་ཚོགས་པ་མགྱོགས་མྱུར་བཙུགས་ནས་ལྗང་མདོག་གི་དར་གོས་ལམ་བུ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན། ཀྲུང་གོས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མྱ་ངམ་ཐང་འགོག་བཅོས་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གོ་རྒྱལ་ཁབ་ནགས་ལས་ཅུས་དང་མཉམ་འབྲེལ་རྒྱལ་ཚོགས་མྱ་ངམ་ཐང་འགྱུར་སྤྱི་ཆིངས་དྲུང་ཡིག་ཁྲུའུ་གཉིས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།