མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་དང་གཞུང་གི་ཁྲིམས་རྩོད་ཀུང་སིའི་ཁྲིམས་རྩོད་པའི་
ལམ་ལུགས་ཁྱབ་གདལ་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་19ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་དང་གཞུང་གི་ཁྲིམས་རྩོད་ཀུང་སིའི་ཁྲིམས་རྩོད་པའི་ལམ་ལུགས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་དང་གཞུང་གི་ཁྲིམས་རྩོད་པ་དང་ཀུང་སིའི་ཁྲིམས་རྩོད་པའི་ལམ་ལུགས་ཁྱབ་གདལ་ཧུར་ཐག་བཏང་ནས་ཁྲིམས་ལྟར་སྲིད་སྐྱོང་དང་། ཁྲིམས་ལྟར་སྲིད་འཛིན། ཁྲིམས་ལྟར་གཉེར་སྐྱོང་། ཁྲིམས་ལྟར་དོ་དམ་བཅས་ཀྱི་ནུས་པ་མཐོ་རུ་གཏོང་བ་དང་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་སྐུལ་འདེད་བཏང་ཐོག“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          བསམ་འཆར་ནང་2017ལོའི་ལོ་མཇུག་གོང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་བཅའ་ཁྲིམས་བློ་འདྲི་དང་། གཞུང་གི་ཁྲིམས་རྩོད་པ་ཡོངས་ཁྱབ་ངང་བཀོད་སྒྲིག་བྱེད་པ་དང་། ཤང་དང་གྲོང་རྡལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་དགོས་མཁོ་གཞིར་བཟུང་བཅའ་ཁྲིམས་བློ་འདྲི་དང་གཞུང་གི་ཁྲིམས་རྩོད་པ་བཀོད་སྒྲིག་བྱེད་པ། གཞུང་ཁོངས་ཁེ་ལས་ཀྱིས་བཅའ་ཁྲིམས་བློ་འདྲི་དང་ཀུང་སིའི་ཁྲིམས་རྩོད་པའི་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། བྱ་གཞག་ཚན་པས་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་འཚོལ་ཞིབ་བྱས་ཏེ་འཛུགས་པ་བཅས་བྱས་ནས་2020ལོར་སླེབས་སྐབས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་དང་བསྟུན་ཐུབ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་བཅའ་ཁྲིམས་བློ་འདྲི་དང་། གཞུང་གི་ལས་འགན་གྱི་ཁྲིམས་རྩོད་པ། ཀུང་སིའི་ཁྲིམས་རྩོད་པ་བཅས་ཀྱི་ལམ་ལུགས་མ་ལག་ཁྱོན་ཡོངས་ནས་ཆགས་པ་བྱེད་དགོས་ཞེས་བསྟན་པ་རེད།
          བསམ་འཆར་ནང་ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་འཁྲི་བ་དང་པོ་ཡིན་པའི་ཏང་སྲིད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་བཅའ་ཁྲིམས་བློ་འདྲི་དང་། གཞུང་གི་ཁྲིམས་རྩོད་པ། ཀུང་སིའི་ཁྲིམས་རྩོད་པ་བཅས་ཀྱི་ལམ་ལུགས་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བསམ་འཆར་ནང་། ཏང་སྲིད་ལས་ཁུངས་ཀྱིས་དོན་ཚན་གལ་ཆེན་ལ་གྲོས་བསྡུར་དང་གཏན་འབེབས་མ་བྱས་གོང་བཅའ་ཁྲིམས་བློ་འདྲི་དང་གཞུང་གི་ཁྲིམས་རྩོད་པའི་བཅའ་ཁྲིམས་བསམ་འཆར་ཉན་དགོས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་འཆར་ཟིན་དང་ཏང་ནང་ངོས་ཀྱི་ཁྲིམས་སྲོལ་འཆར་ཟིན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིབ་བཤེར་བྱ་རྒྱུའི་མ་ཡིག་ཟིན་བྲིས་དང་རིགས་པས་ཁུངས་སྐྱེལ་བྱེད་སྐབས་བཅའ་ཁྲིམས་བློ་འདྲི་དང་གཞུང་གི་ཁྲིམས་རྩོད་པ་དེའི་ནང་ཞུགས་རྒྱུར་གདན་འདྲེན་ཞུ་བའམ་ཡང་ན་ཁོང་ཚོའི་བཅའ་ཁྲིམས་བསམ་འཆར་ཉན་དགོས་པ། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བཅའ་ཁྲིམས་བློ་འདྲི་དང་གཞུང་གི་ཁྲིམས་རྩོད་པའི་བཅའ་ཁྲིམས་བསམ་འཆར་ཉན་དགོས་ཀྱང་ཉན་མེད་པའི་དོན་ཚན་ནམ་ཡང་ན་བཅའ་ཁྲིམས་བློ་འདྲི་དང་གཞུང་གི་ཁྲིམས་རྩོད་པས་ཁྲིམས་དང་མི་མཐུན་པ་དང་ལུགས་དང་མི་མཐུན་པའི་ངོས་འཛིན་བྱས་པའི་དོན་ཚན་ཡིན་ཕྱིན་གྲོས་བསྡུར་དང་གཏན་འབེབས་བྱ་རྒྱུར་འབུལ་མི་རུང་། བཅའ་ཁྲིམས་བློ་འདྲི་དང་གཞུང་གི་ལས་འགན་གྱི་ཁྲིམས་རྩོད་པའི་བསམ་འཆར་ཉན་དགོས་ཀྱང་ཉན་མེད་པ་དང་། བཅའ་ཁྲིམས་བློ་འདྲི་དང་གཞུང་གི་ཁྲིམས་རྩོད་པ་ཞུགས་རྒྱུར་གདན་འདྲེན་ཞུ་དགོས་ཀྱང་དོན་འཁྱོལ་བྱས་མེད་པ། བཅའ་ཁྲིམས་བློ་འདྲི་དང་གཞུང་གི་ཁྲིམས་རྩོད་པའི་བཅའ་ཁྲིམས་བསམ་འཆར་བསྡུ་ལེན་བྱེད་དགོས་ཀྱང་བྱས་མེད་པ་བཅས་ཀྱིས་རྐྱེན་པས་གྱོང་གུན་ཚབས་ཆེན་བཟོས་པའམ་ཡང་ན་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཏང་སྲིད་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དང་། འགན་འཁྲི་ཡོད་པའི་འགོ་ཁྲིད་གཞན་དག འབྲེལ་ཡོད་འགན་འཁུར་བ་བཅས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས་པ་བཅས་གསལ་པོ་བཏོན་པ་རེད།