མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་བཟའ་བཅའ་དང་སྨན་རྫས་སོགས་ཁྱབ་ཁོངས་ནང་ཁ་དན་ཚིག་ལ་མ་
གནས་མཁན་ལ་མཉམ་དུ་ཆད་བཅད་བསླབ་འདོམས་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལན་ཝུའེ་ལེའང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བཟའ་བཅའ་དང་སྨན་རྫས་དང་། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་སོགས་ནང་མཉམ་དུ་ཆད་བཅད་བསླབ་འདོམས་བྱ་རྒྱུའི་དྲན་ཐོ་བཟོས་ནས་སྤྱི་ཚོགས་ཐོག་ཡིད་ཆེས་ཐོབ་ལམ་ཞིག་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།
         ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཁ་དན་ཚིག་ལ་གནས་མཁན་ལ་མཉམ་དུ་ལྕག་སྐུལ་གཏོང་བ་དང་ཁ་དན་ཚིག་ལ་མི་གནས་མཁན་ལ་མཉམ་དུ་ཆད་བཅད་བསླབ་འདོམས་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་ཁ་དན་ཚིག་གནས་འཛུགས་སྐྱོང་ལ་སྐུལ་མ་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་པ་རེད། ལན་ཝུའེ་ལེའང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག མཛུབ་ཁྲིད་བསམ་འཆར་མ་བཏོན་གོང་རང་རྒྱལ་གྱིས་ཁ་དན་ཚིག་ལ་གནས་མཁན་ལ་མཉམ་དུ་ལྕག་སྐུལ་གཏོང་བ་དང་ཁ་དན་ཚིག་ལ་མ་གནས་མཁན་ལ་མཉམ་དུ་ཆད་བཅད་བསླབ་འདོམ་བྱེད་སྟངས་འཚོལ་ཞིབ་ཡུན་རིང་བྱས་ཡོད་ཅེས་བཤད།
         ཁོང་གིས་རང་རྒྱལ་གྱིས་མཉམ་དུ་ཆད་བཅད་བསླབ་འདོམས་དྲན་ཐོ་ལྔ་བཟོས་པ་དཔེར་ན། ཁྲོམ་རར་ཞུགས་པའི་ཁ་དན་ཚིག་ལ་མ་གནས་པའི་ཀུང་སིར་མཉམ་དུ་ཆད་བཅད་བསླབ་འདོམས་བྱེད་པའི་བྱ་ཐབས་དང་། ཁ་དན་ཚིག་ལ་མ་གནས་པའི་ཁྲལ་འཇལ་བར་མཉམ་དུ་ཆད་བཅད་བསླབ་འདོམས་བྱེད་པའི་བྱ་ཐབས། བདེ་འཇགས་ཐོན་སྐྱེད་ཀྱི་ཁྱབ་ཁོངས་ནང་ཁ་དན་ཚིག་གནས་གཏན་ནས་མེད་པའི་ཐོན་སྐྱེད་གཉེར་སྐྱོང་ཚན་པར་མཉམ་དུ་ཆད་བཅད་བསླབ་འདོམས་བྱེད་པའི་བྱ་ཐབས་སོགས་ཡིན་པ་རེད།
         བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མཉམ་དུ་ཆད་བཅད་བསླབ་འདོམས་དྲན་ཐོ་ལྔ་ལག་བསྟར་བྱས་པ་ནས་བཟུང་། འབྲེལ་ཡོད་སྡེ་ཚན་གྱིས་ཁ་དན་ཚིག་ལ་མ་གནས་མཁན་བྱེད་པོ་མི་ཐེངས་ཁྲི་411.5གནམ་གྲུ་དང་མི་ཐེངས་ཁྲི་101.6མེ་འཁོར་ལ་སྡོད་མི་ཆོག་པ་དང་། མི་ཐེངས་ཁྲི་443མཐའ་མཚམས་ནས་འགྲོ་འོང་བྱེད་མི་ཆོག་པ། སྲིད་གཞུང་རང་བཞིན་གྱི་མ་འཇོག་འདུན་ཞུ་བྱེད་མི་ཆོག་པ་མི་ཐེངས་དུང་ཕྱུར་བརྒྱ་ཡན་བྱས་པ། མི་ཐེངས་ཁྲི་2.7ཁེ་ལས་ཀྱི་ཁྲིམས་མིའི་འཐུས་ཚབ་དང་། ལས་འཛིན། ལྟ་སྐུལ་ལས་དོན་སོགས་ཀྱི་ལས་གནས་འཁུར་མི་ཆོག་པ་བཅས་བཟོས་པ་དང་། ཁ་དན་ཚིག་གནས་མེད་པའི་ཁྲལ་འཇལ་བ་མང་པོས་ཁྲལ་ཆད་པ་གསབ་ཏུ་བཅུག་པ། ཁ་དན་ཚིག་ལ་མི་གནས་པའི་ལག་བསྟར་དང་ལེན་བྱེད་མཁན་ཁྲི་40ཙམ་གྱིས་རང་འགུལ་གྱིས་འོས་འགན་སྒྲུབ་ཏུ་བཅུག་པའམ་ཡང་ན་འདུན་ཞུ་ལག་བསྟར་བྱེད་མཁན་དང་གྲོས་བྱས་ནས་མཐུན་འགྲིག་གྲོས་མཐུན་ཡོང་བ་བྱས་ཡོད།
         ལན་ཝུའེ་ལེའང་གིས། ཡིད་རྟོན་མིང་ཐོ་དམར་པོ་དང་ནག་པོའི་ལམ་ལུགས་ནི་རང་རྒྱལ་གྱིས་ཡིད་ཆེས་ཆེ་རུ་གཏོང་བའི་ལམ་ལུགས་གལ་ཆེན་ཞིག་ཡིན། དེའི་ལྕག་སྐུལ་གཏོང་ཡུལ་ནི“མིང་ཐོ་དམར་པོའི”ཁེ་ལས་དང་ཁྲིམས་མི་ཡིན་པ་དང་། ཆད་བཅད་བསླབ་འདོམས་བྱ་ཡུལ་ནི“མིང་ཐོ་ནག་པོར”ཚུད་པ་དག་ཡིན། མཛུབ་ཁྲིད་བསམ་འཆར་ལ་གཞིགས་ན། གཏན་འཁེལ་དུས་ཚོད་ནང་ཁ་དན་ཚིག་གནས་མེད་པའི་བྱེད་སྤྱོད་ལེགས་བཅོས་བཏང་ནས་ཤུགས་རྐྱེན་ངན་པ་མེད་པ་བཟོས་རིགས་ལ་མཉམ་དུ་ཆད་བཅད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོ་ནག་པོའི་ནང་དུ་འཇུག་རྒྱུ་མིན་ཞེས་བཤད།
        གཞན་ཡང་། 《མཛུབ་ཁྲིད་བསམ་འཆར་》ནང་། ཁ་དན་ཚིག་ལ་ཅུང་མི་གནས་མཁན་ལ་རང་འགུལ་ཐོག་ནས་རང་སྐྱོན་ཡོ་བསྲང་བྱེད་རྒྱུར་ལྕག་སྐུལ་གཏོང་བ་དང་། རང་འགུལ་ཐོག་ནས་མི་གསར་པ་ཞིག་བྱེད་པའི་སྤྱི་ཚོགས་ཀྱི་ལྕག་སྐུལ་དང་དོ་ཁུར་བྱེད་པའི་ལམ་སྲོལ་བཙུགས་ནས་ཁ་དན་ཚིག་ལ་མི་གནས་མཁན་སྤྱི་ཚོགས་ཀྱི་སྤྱི་ཕན་ཞབས་ཞུའི་ནང་ཞུགས་སུ་བཅུག་སྟེ་སྒེར་གྱི་ཡིད་ཆེས་ཐོབ་ཤུགས་ཆེ་རུ་གཏོང་ཆོག་པ་གསལ་པོ་འཁོད་ཡོད།