མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཁྲེན་ཕེང་
ཕུའུ་ཀྲེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་27ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཁྲེན་ཕེང་ཕུའུ་ཀྲེན་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་འཛམ་གླིང་ཐོག་སྨན་བཅོས་འཕྲོད་བསྟེན་དེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་ཁག་འཕེལ་རྒྱས་དང་འབྲེལ་བ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་རྒྱལ་སྤྱིའི་འབྲེལ་བ་དང་ཕྱི་འབྲེལ་སྲིད་ཇུས་ཐད་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ལེགས་སུ་གཏོང་བ། གཞི་རྩའི་སྨན་རྫས་ལམ་ལུགས་འཛུགས་པ། གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ལ་སྐུལ་མ་གཏོང་བ་སོགས་ལ་ཐོབ་པའི་འཕེལ་རིམ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆབས་ཅིག་ཀྲུང་གོར་འགྲན་སློང་མང་པོ་སྔར་བཞིན་འཕྲད་བཞིན་ཡོད་པས་ང་ཚོས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་བདེ་ཐང་འཕེལ་རྒྱས་ཀྱི་དུས་སྐབས་རིང་འབྲིང་གི་འཆར་གཞི་དུས་ཚོད་དམ་འཛིན་གྱིས་བཟོ་བཞིན་ཡོད། ཀྲུང་གོ་མི་དམངས་ཡོངས་ལ་ཆུ་ཚད་དེ་བས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་རྒྱུ་དེའང་ང་ཚོའི་ལོ་བརྒྱ་གཉིས་ཀྱི་དམིགས་ཚད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞེས་གསུངས།
         ཞིས་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཆེད་མངགས་སྒྲིག་གཞི་ཞིག་ཡིན་པའི་ངོས་ནས་འགོ་ནད་ལ་ཁ་གཏད་དུས་ཐོག་ཏུ་གཅོག་པ་དང་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་ལས་དོན་ལ་མཐུན་སྦྱོར་བྱེད་པའི་ཐད་གལ་ཇེ་ཆེར་འགྲོ་བའི་ནུས་པ་འདོན་བཞིན་ཡོད། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དུས་ཡུན་རིང་པོའི་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་བཙུགས་ཡོད། འགོ་ནད་འགོག་བཅོས་སོགས་ཁྱབ་ཁོངས་རྒྱ་ཆེན་པོར་དམ་པ་དོན་གཉེར་གྱི་མཉམ་ལས་བྱེད་བཞིན་ཡོད། ང་ཚོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོ་དང་། ས་ཁོངས། རྒྱལ་ཁབ་བཅས་རིམ་ངོས་སུ་2030ལོ་བར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་གྱི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་དམིགས་ཚད་ཁྱབ་གདལ་དང་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་སྨན་བཅོས་འཕྲོད་བསྟེན་མཉམ་ལས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཁྲེན་ཕེང་ཕུའུ་ཀྲེན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་ལས་དོན་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་མཉམ་ལས་ཁྱབ་ཁོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོ་བར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་བསམ་ཕྱོགས་དེར་ཕུགས་བསམ་ལྡན་པས་དུས་བབ་གསར་པའི་འོག་གོ་ལ་ཧྲིལ་པོའི་མཉམ་ལས་དང་གོ་ལ་ཧྲིལ་པོའི་བཀོད་སྒྲིག་ཐད་རྣམ་པ་གསར་པ་མཁོ་འདོན་བྱས་ཡོད། ཀྲུང་གོས་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་སྔོན་ལ་དོན་འཁྱོལ་དང་། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་སྔོན་ལ་ཁྱབ་ཐུབ་པ། སྨན་བཅོས་སྒྱུར་བཅོས་སྔོན་ལ་ཁྱབ་གདལ་ཧུར་ཐག་གཏོང་བ་བཅས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱུང་ནས་རྒྱལ་སྤྱིའི་འཕྲོད་བསྟེན་བྱ་གཞག་ཆེད་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སྦྲགས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་བློ་བརྟན་འགྱུར་མེད་ངང་བཀའ་ལྟར་སྒྲུབ་འདོད་ཡོད་ལུགས་གསུངས་པ་རེད།