མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོག་རྒྱུའི་གཏན་
འབེབས་བྱས་པ་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ལོ་
སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་28ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་འདི་ལོའི་ཟླ་བཅུ་པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོག་རྒྱུའི་གཏན་འབེབས་བྱས་ཤིང་། གྲོས་རིམ་གཙོ་བོ་ནི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུ། དུས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་བཟོ་རྒྱུ། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)》ལ་བཟོ་བཅོས་རྒྱག་རྒྱུ་བཅས་རེད། ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་འབྲེལ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་རྒྱུའི་འགག་རྩ་དེ་ཏང་ལ་ཐུག་ཡོད་པ་མ་ཟད། འགག་རྩ་དེ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུར་ཐུག་ཡོད། ཏང་གིས་ཏང་ལ་དོ་དམ་བྱེད་དགོས་ན། ངེས་པར་དུ་ཏང་ནང་གི་ཆབ་སྲིད་འཚོ་བར་དོ་དམ་བྱེད་དགོས་པ་དང་། ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་དགོས། སྒམ་ཞིང་ནན་པའི་ཏང་ནང་གི་འཚོ་བའི་ལས་དོན་སྤེལ་རྒྱུ་དེ་ནི་རང་རེའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་ལེགས་ཆ་ཡིན། དུས་ཡུན་རིང་པོའི་ལག་ལེན་ནང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་སྒམ་ཞིང་ནན་པའི་ཏང་ནང་གི་ཆབ་སྲིད་འཚོ་བའི་ལས་དོན་སྤེལ་རྒྱུ་དེ་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་པར་བརྟེན་དངོས་ཐོག་བདེན་འཚོལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། མང་ཚོགས་དང་འབྲེལ་བ་དམ་ཟབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད། དམངས་གཙོ་གཅིག་སྡུད་ལམ་ལུགས། ཏང་གི་སྒྲིག་ཁྲིམས་ནན་པོ་སོགས་ནང་དོན་གཙོ་བོར་བྱེད་པའི་ཏང་ནང་གི་ཆབ་སྲིད་འཚོ་བའི་གཞི་རྩའི་ཚད་གཞི་ཆགས་པས། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲ་བརྟན་དང་ཏང་གི་གསོན་ཤུགས་ཆེ་རུ་གཏོང་ཆེད་ཕུན་སུམ་ཚོགས་པའི་ཉམས་མྱོང་གསོག་རྒྱུ་དང་ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་ཁག་གི་ལྟེ་བའི་ལས་འགན་ལེགས་འགྲུབ་བྱ་རྒྱུ་འགན་ལེན་བྱ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དུས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་གནས་ཚུལ་སྤྱི་ཡོངས་ནས་ཡག་པོ་ཡོད་པ་དང་ཆབས་ཅིག་དུས་ཡུན་རིང་པོའི་ནང་ཏང་ནང་གི་ཆབ་སྲིད་འཚོ་བའི་ཁྲོད་མངོན་གསལ་དོད་པའི་གནད་དོན་ཁ་ཤས་ཐོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཉམས་ལེན་འབད་སྒྲུབ་དང་རང་དཔེ་གཞན་སྟོན་གནང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་ལམ་ལུགས་ཐོག་ནས་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཟུང་འབྲེལ་དམ་ཟབ། ཏང་སྲོལ་གཅིག་སྡུད་ཐོག་བཅོས་སྒྲིག རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ། ཏང་ནང་གི་ཆབ་སྲིད་ཁོར་ཡུག་ལེགས་སུ་བཏང་བ་བཅས་བྱས་པར་བརྟེན་ཏང་ནང་གི་ཆབ་སྲིད་འཚོ་བར་རྣམ་པ་གསར་པ་ཐོན་པ་དང་ཏང་སེམས་དང་དམངས་སེམས་ཐོབ་སྟེ་རྒྱལ་སྲིད་སྐྱོང་སྟངས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད། ཕྱོགས་བསྡུས་དབྱེ་ཞིབ་ཐོག་ནས་བལྟས་ན། དུས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་ཞིག་ངེས་པར་དུ་བཟོ་དགོས་ངེས་རེད། དུས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཚད་ལྡན་དུ་གཏོང་རྒྱུའི་གཙོ་གནད་དེ་རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ཡིན་པ་དང་འགག་རྩ་ནི་མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་གྲུབ་ཆའི་ཁོངས་མི་ཡིན། མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་འགོ་ཁྲིད་རིམ་པའི་གྲུབ་ཆའི་མི་སྣས་ངེས་པར་དུ་རང་དཔེ་གཞན་སྟོན་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་རྒྱུར་མིག་དཔེ་འདོན་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྣེ་ཁྲིད་ནས་མིག་དཔེ་འདོན་པ་དང་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བཅས་བྱས་ཏེ་ཏང་ཡོངས་ལ་མིག་དཔེ་འདོན་དགོས།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ཐོག་མཐའ་བར་གསུམ་གྱི་བླང་བྱ་ཞིག་ཡིན་ལ། རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཀྱང་རེད། ཏང་གི་སྲིད་འཛིན་གནས་བབ་ཀྱིས་ཏང་ནང་གི་ལྟ་སྐུལ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་བྱེད་ཐབས་སྣ་ཚོགས་ཁྲོད་ཀྱི་ཆེས་རྩ་བ་དང་ཨང་དང་པོ་ཡིན་པའི་གཏན་འཁེལ་བྱས་ཡོད། ཏང་ནང་གི་ལྟ་སྐུལ་གྱིས་དེ་མིན་གྱི་ལྟ་སྐུལ་ལ་སྣེ་ཁྲིད་བྱེད་པ་དང་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་ཚེ། གཞི་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་ཐུབ། 2003ལོར་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་ཚུན། ང་ཚོས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བའི་བྱེད་ཕྱོགས་མཐའ་འཁྱོངས་དང་། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། དེ་དང་ཆབས་ཅིག་དུས་བབ་དང་། ལས་འགན། འཕེལ་རྒྱས་བཅས་ལ་འགྱུར་ལྡོག་ཕྱིན་པར་བརྟེན་《སྲོལ་ཡིག་》ལ་ལག་ལེན་གསར་པའམ་བླང་བྱ་གསར་པ་དང་མི་འཚམ་པའི་གནད་དོན་མངོན་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱིས་ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུར་བླང་བྱ་ཁ་གསལ་བཏོན་པར་བརྟེན་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་བཟོ་བཅོས་རྒྱག་རྒྱུར་བསྟུན་ས་གལ་ཆེན་མཁོ་འདོན་བྱས་ཡོད། ལོ་དེ་དག་ནང་ང་ཚོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས། “འགན་འཁྲི་གཉིས”དོན་འཁྱོལ། ཏང་གི་སྒྲིག་ཁྲིམས་ནན་དུ་བཏང་བ་བཅས་བྱས་པར་བརྟེན། ཉམས་མྱོང་མི་ཉུང་བ་ཞིག་བསགས་ཡོད་པ་དང་འབྲེལ། ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་བཟོ་བཅོས་རྒྱག་རྒྱུར་ལག་ལེན་གྱི་རྨང་གཞི་གལ་ཆེན་ཡང་བཏིངས་ཡོད། བཟོ་བཅོས་ལས་དོན་གྱི་དུས་སྐབས་དང་ཆ་རྐྱེན་འཛོམས་པས་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་དགོས།
         ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། འདི་ལོ་ཚུན་དུ་འགྱུར་ལྡོག་མང་ལ་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་ཧུར་ཐག་འཚམ་པ་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ནུས་ལྡན་བྱས་པས། ཐོབ་པར་དཀའ་བའི་གྲུབ་འབྲས་ཐོབ་ཡོད། ལོ་སྟོད་དུ་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག་ལས་དོན་བརྟན་པོའི་ངང་སྤེལ་བ་དང་། ཁེ་ལས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ། དངུལ་རྩའི་ཁྲོམ་ར་སྤྱིའི་ཆ་ནས་འཁོར་སྐྱོད་བརྟན་པོ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་མུ་མཐུད་ཇེ་མང་དུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་མུ་མཐུད་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། དེ་དང་ཆབས་ཅིག་དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་སྔར་བཞིན་ཅུང་ཆེན་པོ་ཡོད་པ་དང་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁག་གཅིག་གནས་ཡོད། མིག་སྔར་དཔལ་འབྱོར་འཁོར་སྐྱོད་ཀྱི་རྒྱུན་རྣམ་གསར་པའི་ཁྱད་ཆོས་མངོན་གསལ་དོད་དུ་ཕྱིན་པས། ང་ཚོས་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་གཏན་ཚིགས་རིག་པ་ཆེན་པོ་འདི་ལ་སྟངས་འཛིན་ཡག་པོ་བྱས་ནས་བློ་བརྟན་འགྱུར་མེད་ངང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང་གནོན་ཤུགས་སྒུལ་ཤུགས་སུ་འགྱུར་བར་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡུན་རིང་ཁ་ཕྱོགས་ཡག་པོ་ཡོང་བ་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་དང་སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཐོན་ལས་སྲིད་ཇུས་འཕྱུགས་མེད། བྱེ་བྲག་སྲིད་ཇུས་བབ་བསྟུན། སྒྱུར་བཅོས་སྲིད་ཇུས་ཏན་ཏིག སྤྱི་ཚོགས་སྲིད་ཇུས་མཐིལ་འདེགས་བཅས་ཀྱི་སྤྱིའི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། སྤྱིའི་དགོས་མཁོ་ཆེ་རུ་འོས་འཚམ་བཏང་བ་བརྒྱུད་བློ་བརྟན་འགྱུར་མེད་ངང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང་འཕེལ་རྒྱས་ཡག་པོ་ཡོང་བའི་སྔོན་དཔག་གི་སྲིད་ཇུས་མང་དག་ལ་སྣེ་ཁྲིད་བྱེད་པ། དཔལ་འབྱོར་འཕེལ་རྒྱས་བརྟན་པོ་འགྲོ་ཚུལ་རྒྱུན་འཁྱོངས་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱིའི་དགོས་མཁོ་ཆེ་རུ་འོས་འཚམ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་གྱི་སྲིད་ཇུས་བརྟན་པོ་མུ་མཐུད་ལག་ལེན་བསྟར་ཏེ་གོ་སྐབས་འཚོལ་རྒྱུར་མཐོང་ཆེན་དང་། ལེགས་སྒྲིག་ཚོད་འཛིན་སྟབས་བསྟུན། གཙོ་གནད་དང་། དལ་ལྷོད། སྤེལ་ཤུགས་སྟངས་འཛིན་ཡག་པོ་བྱས་ཐོག་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྤྱི་ཁོག་གི་ཁོར་ཡུག་ཡག་པོ་གཏོད་དགོས། དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་བསྡུ་ཉུང་དུ་གཏོང་བའི་བྱ་ཐབས་དོན་འཁྱོལ་བྱས་ནས་སྤྱི་པའི་འགྲོ་གྲོན་ནུས་པ་དང་གཏོང་ཤུགས་འགན་ལེན་བྱེད་པ་དང་ནོར་སྲིད་མ་དངུལ་གྱི་ཕན་འབྲས་འདོན་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་མ་དངུལ་དངོས་ཚན་དཔལ་འབྱོར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཉམས་ཞན་ཁྱབ་ཁོངས་སུ་དེ་བས་མང་བ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། དངུལ་ལོར་ཡིད་རྟོན་དངུལ་བུན་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་ལུགས་མཐུན་འཕར་སྣོན་ཡོང་རྒྱུར་སྣེ་ཁྲིད་ཀྱིས་དངུལ་ལོར་སྲིད་ཇུས་བརྒྱུད་བསྒྲགས་ཐབས་ལམ་ཤར་གཏོང་ནུས་ལྡན་ཐུབ་པ་བྱེད་པ་དང་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། དངུལ་རྩའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དོགས་ཟོན་ནུས་ལྡན་དང་བསལ་ནས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་ལུགས་མཐུན་དོ་སྙོམས་ཀྱི་ཆུ་ཚད་ཐོག་སྤྱིར་ན་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། “ལྷུག་གཏོང་དང་། དོ་དམ། ཞབས་ཞུ”དང་ནོར་ཁྲལ་དང་། དངུལ་རྩ། གསར་གཏོད། གཞུང་ཁོངས་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། “ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པ་བཟོ་བ། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ”བཅས་ཀྱི་གཙོ་གནད་ལས་འགན་ཆེན་པོ་ལྔ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནུས་ལྡན་གྱི་ཁྲོམ་རའི་འགྲན་རྩོད་ལ་བརྟེན་ནས་ཐོན་ཁུངས་བཀོད་སྒྲིག་བྱེད་ཚད་མཐོ་རུ་གཏོང་བ་དང་། དྲག་རྒྱལ་ཞན་ཕམ་དང་ཐོན་ལས་བསྐྱར་འཛུགས་བྱེད་པ། ཐོན་ནུས་ལྷག་འཕྲོའི་ལས་རིགས་གཅིག་སྡུད་ཐུབ་ཚད་མཐོ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཧུར་ཐག་བྱེད་པ། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་འགུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་དགོས། ཡང་དག་པའི་བྱ་ཐབས་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་གཙོ་གནད་ལས་འགན་ཆེན་པོ་ལྔ་ལ་སྐུལ་འདེད་གཏོང་དགོས་པ་དང་ཐོན་ནུས་གཅོག་པ་དང་འདེགས་ཤིང་མེད་པ་བཟོ་བའི་འགག་རྩ་ནི་གཞུང་ཁོངས་ཁེ་ལས་དང་དངུལ་རྩའི་སྡེ་ཚན་གྱི་རྨང་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མཛོད་ཉར་འཕྲི་བ་དང་ཞན་ཆ་གསབ་པའི་ཁ་ཕྱོགས་ཐད་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་དང་ཞིང་པ་ལས་མི་གྲོང་མིར་བསྒྱུར་བ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་། མ་གནས་དམའ་རུ་གཏོང་བའི་གཙོ་གནད་ནི་ངལ་རྩོལ་ནུས་ཤུགས་ཁྲོམ་རའི་སྟབས་བསྟུན་རང་བཞིན་ཆེ་རུ་གཏོང་བ་དང་མ་དངུལ་ལྦུ་སོབ་བཀག་འགོག་དང་སྤྱི་ཁོག་ཁྲལ་འཁྲི་དམའ་རུ་གཏོང་རྒྱུ་དེ་རེད། ཁྲོམ་རའི་སྔོན་དཔག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཇུས་ཀྱི་སྤུས་ཚད་མཐོ་རུ་དང་ཡོངས་བསྒྲགས་ཐུབ་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་བརྟན་པོར་བརྟེན་ནས་ཁྲོམ་རའི་སྔོན་དཔག་ཡག་པོ་ཡོང་བ་བྱེད་པ། སྒྱུར་བཅོས་བྱ་ཐབས་གལ་ཆེན་སྤྱད་ནས་འཕེལ་རྒྱས་ཀྱི་གདེང་ཚོད་དོན་འཁྱོལ་བྱེད་དགོས། ལྷག་དོན་དུ་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་ཀྱིས་དམངས་ཁྲོད་མ་འཇོག་ལ་སྐུལ་ལྕག་དང་། ཁེ་ལས་ཀྱི་གཞི་ཆུང་ཁོར་ཡུག་ལེགས་གཏོང་། ཁེ་ལས་སྣ་ཚོགས་འདྲ་མཉམ་འགྲན་རྩོད་དང་སྐྱོན་བྲལ་འཕེལ་རྒྱས་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་དགོས། དམངས་འཚོ་ལེགས་བཅོས་དང་། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་བརྟེན་ནས་ནང་མཁོ་རྒྱ་ཆེར་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།