མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོགས་པ་ཀུང་སི་བཙུགས་
པར་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་30ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོགས་པ་ཀུང་སི་བཙུགས་
པར་མཛུབ་སྟོན་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན་པེ་ཅིང་དུ་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོགས་པ་ཀུང་སི་འཛུགས་པའི་ཚོགས་ཆེན་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཏང་ཀྲུང་དབྱང་གིས་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོགས་པ་ཀུང་སི་འཛུགས་པའི་ཐབས་ཇུས་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་མཐོ་ཚད་ཐོག་ནས་འགོ་འཛུགས་པ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་མཁའ་འགྲུལ་བཟོ་ལས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཁྱེད་ཚོས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་བླ་ན་མེད་པར་འཛིན་རྒྱུ་མཐའ་འཁྱོངས་དང་། དམག་དམངས་མཉམ་འདྲེས་གོང་འཕེལ་མཐའ་འཁྱོངས། གསར་འབྱེད་ཡར་སྐུལ་གྱི་འཐབ་ཇུས་ལག་བསྟར་མཐའ་འཁྱོངས་བཅས་བྱས་ནས་བློ་ཁོག་ཆེན་པོས་གསར་གཏོད་དང་། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་བྱེད་པ། ཏན་ཏན་ཏིག་ཏིག རྩེ་གྲ་གཏོད་པ་བཅས་ཀྱི་ཐོག་ནས་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་དང་རླུང་འབར་འཕྲུལ་འཁོར་རང་བརྟེན་ཞིབ་བཟོ་དང་ཐོན་སྐྱེད་བྱེད་མགྱོགས་སུ་བཏང་ནས་རང་རྒྱལ་འདི་ཉིད་མཁའ་འགྲུལ་གྱི་སྟོབས་ཆེའི་རྒྱལ་ཁབ་ཏུ་བསྐྲུན་ཕྱིར་འབད་འཐབ་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོགས་པ་ཀུང་སི་འཛུགས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་ཐབས་གལ་ཆེན་ཞིག་རེད། མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ནི་རྒྱལ་ཁབ་ཀྱི་འཕྲུལ་འཁོར་གལ་ཆེན་ཞིག་དང་གོ་ལག་བཟོ་སྐྲུན་ལས་རིགས་ཀྱི་ཡང་རྩེ་ཡིན་པས་ཁྱབ་ཁོངས་དེའི་ཐད་གང་མགྱོགས་ཚད་བརྒལ་ཡོང་བ་བྱ་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་རྒྱལ་སྲུང་དངོས་ཤུགས་ཆེ་རུ་དང་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་ཆགས་པར་བྱས་ནས་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་མཐའ་འཁྱོངས་ཀྱིས་འཛམ་གླིང་ཐོག་གི་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཁེ་ལས་རྩེ་གྲ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ་སྒྱུར་བཅོས་སྒོ་དབྱེར་བརྟེན་པ་དང་། རང་བརྟེན་གསར་གཏོད་ལ་གཞི་འཛུགས་པ། བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ། ཀུན་གྱི་བློ་གྲོས་གཅིག་ཏུ་བསྡུས་ནས་ཀུན་གྱིས་གསར་གཏོད་བྱེད་པ་མ་ཟད། ཕྱི་རྒྱལ་གྱི་ཉམས་མྱོང་དཔྱད་གཞིར་ཧུར་ཐག་བཟུང་ནས་སྲོག་ཤིང་གི་འགག་རྩའི་ལག་རྩལ་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས། བློ་མཐུན་ཚོས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་མཁའ་འགྲུལ་སྒུལ་ཤུགས་ཀྱི་འགན་ལེན་པ་དང་། བཟོ་སྐྲུན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་པ། གསར་འབྱེད་ཡར་སྐུལ་འཕེལ་རྒྱས་ཀྱི་ལག་ལེན་པ་བཅས་ཧུར་ཐག་བྱས་ཏེ་རྒྱལ་སྲུང་བདེ་འཇགས་འགན་ལེན་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁའེ་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་ཆེད་དམིགས་ལག་བསྟར་ཇུས་གཞི་གལ་ཆེན་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་དང་གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་རང་བརྟེན་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས་པ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གསོན་ཤུགས་ཀྱིས་ཁེངས་པའི་དེང་རབས་ཀྱི་ཁེ་ལས་གསར་རྐྱང་ཞིག་གཏོད་དགོས་པ། དམག་དམངས་མཉམ་འདྲེས་མཐའ་འཁྱོངས་བྱས་ནས་རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་དགོས་པ། ཤེས་ལྡན་པ་གཞི་རྩར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་པ་དང་། ཚན་རྩལ་གྱི་ཆེད་ལས་ཤེས་ལྡན་པ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་བཅས་ཁག་གཅིག་གསོ་སྐྱོང་བྱས་ནས་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་དེ་ཚད་འཇལ་རིས་འབྲིའི་འདྲ་བཟོ་ནས་རང་བརྟེན་གསར་གཏོད་ཀྱི་འཐབ་ཇུས་ལ་བསྒྱུར་བ་དང་རང་རྒྱལ་འདི་ཉིད་མཁའ་འགྲུལ་གྱི་རྒྱལ་ཁབ་ཆེན་པོ་ནས་མཁའ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ལ་བསྒྱུར་དགོས་ཞེས་གསུངས་པ་རེད།
         རྒྱལ་དོན་ཨུ་ཡོན་ཝང་ཡུང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་སྒྲོག་སྦྱངས་གནང་བ་རེད།
         ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། པེ་ཅིང་གྲོང་ཁྱེར། ཀྲུང་དབྱང་དམག་ཨུད་ཀྱི་འབྲེལ་ཡོད་སྡེ་ཚན་དང་། དེ་བཞིན་འབྲེལ་ཡོད་ཁེ་ལས། མཐོ་སློབ་ཀྱི་འཐུས་མི་བཅས་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་གྱི་ཚོགས་པ་ཀུང་སི་འཛུགས་པའི་ཚོགས་ཆེན་ལ་ཕེབས་ཡོད་པ་རེད།