མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྐབས་31པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་
ཚོགས་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་27ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་སྐབས་31པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་
ཚོགས་པར་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ་8ཚེས་25ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སྐབས་31པའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་ནས་རང་རྒྱལ་གྱི་ལུས་རྩལ་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་སྟེ་ཕྱིར་ལོག་པར་དགའ་བསུ་ཞུས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་དང་། རྩལ་ཁྲིད་པ། ལས་དོན་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་རྒྱལ་ཡོངས་ཀྱི་ལུས་རྩལ་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
         ཞིས་ཅིན་ཕིང་གིས་རང་རྒྱལ་གྱི་ལུས་རྩལ་པར་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཐོག་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་སྟེ་ཨོ་ལིམ་ཕིག་སྙིང་སྟོབས་དང་ཀྲུང་ཧྭ་ལུས་རྩལ་གྱི་སྙིང་སྟོབས་གསོན་ཉམས་ལྡན་པའི་ངང་མངོན་ནས་མེས་རྒྱལ་ཆེད་གཟི་བརྗིད་བརྩོན་ལེན་དང་། མི་རིགས་ཀྱི་ལ་རྒྱ་བརྩོན་ལེན། ཨོ་རྩལ་འགྲན་ཚོགས་ལ་འོད་སྟོང་སྦྱིན་པ། མི་ཚེར་བཀྲག་མདངས་འཚེར་ས་བསྣན་པ་བཅས་བྱས་ལ་རྒྱལ་ཡོངས་མི་དམངས་ཀྱི་རྒྱལ་གཅེས་སྤྲོ་སེམས་དང་འཛམ་གླིང་ཡོངས་ཀྱི་ཀྲུང་ཧྭ་བུ་ཕྲུག་གི་མི་རིགས་སྤོབས་སེམས་འཕེལ་བར་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། རང་རྟོན་བསམ་པ་བཅས་ཆེ་རུ་ཕྱིན་པ་བྱུང་ཞིང་། དེ་ནི་ཀྲུང་གོའི་སྙིང་སྟོབས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་མཇལ་འཕྲད་ནང་ཞུགས་པ་རེད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་གནང་ཞིང་། ཁོང་གིས་མཇུག་འགྲིལ་མ་ཐག་པའི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཐོག་ཁྱེད་ཚོས་སྙིང་རུས་ཆེན་པོས་འབད་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱིས་གྲུབ་འབྲས་བརྩོན་ལེན་གྱིས་འགྲན་བསྡུར་ཁག་གི་ལས་འགན་ལེགས་སྒྲུབ་ཡག་པོ་བྱས་ཤིང་། གསེར་གྱི་རྟགས་མ་26དང་། དངུལ་གྱི་རྟགས་མ་18 ཟངས་ཀྱི་རྟགས་མ་26བཅས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་གསེར་གྱི་རྟགས་མ་དང་གཟེངས་བསྟོད་རྟགས་མའི་མིང་གྲལ་གྱི་མདུན་དུ་སླེབས་པ་དང་། ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཡག་པོ་ཐོབ་ནས་ཀྲུང་གོའི་ལུས་རྩལ་གྱི་བཀྲག་མདངས་གསར་པ་མུ་མཐུད་བརྩམས་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ལི་གཡོད་ཨོ་རྩལ་འགྲན་ཚོགས་རིང་རྒྱལ་ཡོངས་ཀྱི་མི་དམངས་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཚོར་སེམས་ཁྲལ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱིས་ཀྱང་ཁྱེད་ཚོར་དོ་སྣང་བྱེད་ཀྱི་ཡོད། ཁྱེད་ཚོར་ཐོབ་པའི་གྲུབ་འབྲས་མཐོང་སྐབས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁྱེད་ཚོའི་འགྲན་སློང་ཕོད་པ་དང་རང་ཉིད་ལས་ཚད་བརྒལ་ཐུབ་པའི་སྙིང་སྟོབས་དང་བྱ་སྤྱོད་ཐོག་ནས་སེམས་ཤུགས་ཆེན་པོ་དང་། ཞུམ་པ་མེད་པའི་སྤྱོད་ཚུལ། བྱང་ཆུབ་པའི་རྩལ་ནུས་བཅས་མངོན་ཡོད། ཁྱེད་ཚོས་རྒྱལ་ཁབ་ཁག་གི་ལུས་རྩལ་པ་དང་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་དུ་སྤེལ་རེས་རྒྱ་ཁྱབ་བྱས་ནས་ཀྲུང་གོའི་མི་དམངས་ཀྱི་མཛའ་གྲོགས་ཕོ་ཉར་གྱུར་ཡོད། འགྲན་རའི་ཐོག་ཁྱེད་ཚོས་སྒྲིག་སྲོལ་ལ་བརྩི་སྲུང་དང་། འགྲན་ཟླར་བརྩི་འཇོག ཤན་འབྱེད་པར་བརྩི་འཇོག ལྟད་མོ་བར་བརྩི་འཇོག་བཅས་བྱས་པས་ལུས་རྩལ་གྱི་ཀུན་སྤྱོད་ཡག་པོ་དང་ཤེས་དཔལ་བྱང་ཚད་མཐོ་པོ་མངོན་ཡོད། ཁྱེད་ཚོའི་འགྲན་རའི་ཐོག་གི་དཔའ་ཉམས་དང་འགྲན་རའི་ཕྱིའི་བྱ་སྤྱོད་ལས་དེང་རབས་ཀྲུང་གོ་བ་དང་ལྷག་པར་དུ་དེང་རབས་ཀྲུང་གོའི་གཞོན་ནུའི་ཉམས་འགྱུར་མངོན་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་དང་། རྒྱལ་ཡོངས་ལུས་རྩལ་འཐབ་ཕྱོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ་ཁྱེད་ཚོས་དཀའ་སྤྱད་ནང་སྦྱོང་བྱས་པའི་འབྲས་བུའང་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ང་ཚོས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ལ་སྣང་ཆེན་བྱེད་དགོས། ང་ཚོས་ཐོབ་ཤོར་ལ་བརྟེན་ནས་དཔའ་བོ་ཡིན་མིན་ཐག་གཅོད་མི་རུང། དཔའ་བོ་ཡིན་ཚེ་རྩེ་གྲ་དང་ཨང་དང་པོ་བརྩོན་ལེན་བྱེད་དགོས། ཨོ་རྩལ་འགྲན་ཚོགས་དང་འདྲ་བའི་ཆུ་ཚད་མཐོ་བའི་འགྲན་རར་ཨང་དང་པོ་དང་གསེར་གྱི་རྟགས་མ་ཐོབ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་པས་གསེར་གྱི་རྟགས་མ་ཐོབ་མཁན་ཚོར་བརྩི་འཇོག་དང་བསྔགས་བརྗོད་བྱེད་འོས། དུས་མཚུངས་རང་ཉིད་ལས་ཚད་བརྒལ་ཐུབ་པའི་སྙིང་སྟོབས་ལྡན་མཁན་ཚོར་གསེར་གྱི་རྟགས་མ་མ་ཐོབ་ཀྱང་བརྩི་འཇོག་དང་བསྔགས་བརྗོད་བྱེད་འོས་པ་རེད། དེར་བརྟེན་ངས་ད་ཐེངས་གསེར་གྱི་རྟགས་མ་ཐོབ་པའི་རུ་ཁག་དང་ལུས་རྩལ་པར་དཔེ་ཡག་པོ་འདུག་ཅེས་ཤོད་རྒྱུ་ཡིན་ལ་གསེར་གྱི་རྟགས་མ་མ་ཐོབ་ཀྱང་། འགྲན་བསྡུར་ནང་ནུས་པ་གང་ཡོད་བཏོན་པའི་རུ་ཁག་དང་ལུས་རྩལ་པ་ཚོར་ཡང་དཔེ་ཡག་པོ་འདུག་ཅེས་ཤོད་རྒྱུ་ཡིན། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོའི་ལོ་རུ་ཁག་གིས་འགྲན་ཟླར་མི་སྐྲག་པ་དང་དཔའ་མཛངས་རྟུལ་ཕོད་དང་དཔའ་ངར་ཞུམ་མེད་ཀྱིས་འགྲན་བསྡུར་ནང་ཞུགས་པས། ལོ་12སོང་རྗེས་སླར་ཡང་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བླངས་པ་དེས་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་སྙིང་སྟོབས་མཚོན་པས་རྒྱལ་ཡོངས་མི་དམངས་ཀྱི་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། རང་རྒྱལ་གྱི་ལུས་རྩལ་པ་ཚོས་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཐོག་དྲང་ནུས་ཆེན་པོ་མངོན་པ་མ་ཟད། “མི་ཚེའི་ནང་བྱ་བ་ཞིག་ཧུར་ཐག་བསྒྲུབས་ནས་ད་ཡོད་ལ་གཅེས་འཛིན་བྱེད་པའི”འབད་འཐབ་སྙིང་སྟོབས་ཀྱང་མངོན་ཡོད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དེ་ལྟ་བུའི་སྙིང་སྟོབས་ཡོད་དགོས། སྤྱི་ཚོགས་ཡོངས་སུ་རང་རྒྱལ་གྱི་ལུས་རྩལ་པས་ཨོ་རྩལ་འགྲན་ཚོགས་ཐོག་མངོན་པའི་འབད་འཐབ་སྙིང་སྟོབས་དྲིལ་བསྒྲགས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལུས་རྩལ་ནི་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་ཁབ་ཀྱི་འཇམ་ཤུགས་ཀྱི་མངོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན། “ལུས་རྩལ་བྱེད་སྒོ་གོང་དུ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་ཐང་དུ་འགྲོ་བ་བྱེད་དགོས”ཞེས་པ་ནི་རང་རྒྱལ་གྱི་ལུས་རྩལ་ལས་དོན་གྱི་རྩ་བའི་ལས་འགན་ཡིན། བློ་མཐུན་ཚོས་ཨོ་ལིམ་ཕིག་སྙིང་སྟོབས་དང་ཀྲུང་ཧྭ་ལུས་རྩལ་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་རྩལ་འགྲན་ལུས་རྩལ་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་སྟོབས་ཆེ་རུ་གཏོང་བ་དང་འབྲེལ། རྒྱལ་སྤྱིའི་འགྲན་བསྡུར་ཆེ་གྲས་ནང་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། མང་ཚོགས་ཀྱི་ལུས་རྩལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད། བློ་མཐུན་ཚོས་ལུས་རྩལ་གྱིས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་ལྡན་པའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་དང་དམངས་ཡོངས་ལུས་སྦྱོང་ནང་ཞུགས་རྒྱུ་ཁྱབ་གདལ་བཏང་ནས་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། བློ་མཐུན་ཚོས་ལུས་རྩལ་སྒྱུར་བཅོས་གསར་གཏོད་ཀྱི་གོམས་སྟབས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ལུས་རྩལ་གྱི་འདུ་ཤེས་གསར་བརྗེ་དང་། རྒྱལ་ཁབ་གཞན་གྱི་ཉམས་མྱོང་བཟང་པོ་དཔྱད་གཞིར་འཛིན་པ། ཨང་དང་པོ་བརྩོན་ལེན་བྱེད་སྐབས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དམིགས་ཚད་མཐོ་ཤོས་མངོན་འགྱུར་བྱེད་པའི་སྒྲིག་སྲོལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ། རྗེས་སྣོན་ལུས་རྩལ་གྱི་རྨང་གཞིའི་ཁྲོད་ཀྱི་མང་ཚོགས་རང་བཞིན་ལུས་རྩལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། རང་རྒྱལ་གྱི་ལུས་རྩལ་བྱ་གཞག་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་རྒྱུའི་རེ་བ་ཡོད། བློ་མཐུན་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རང་རྒྱལ་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་དུ་བརྩིས་ནས“ངོ་མཚར་ཆེ་བ་དང་། ཐུན་མོང་མིན་པ། གཟེངས་སུ་ཐོན་པ”བཅས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཤིག་གཉེར་ཏེ། རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ལུས་རྩལ་ལས་རིགས་ལ“བྱ་དགའ་ལེན་ས་ནས་བྲལ་སྐབས་འགོ་གསར་པ་ཞིག་འཛུགས་པ་ཡིན”ཞེས་སྐད་ཆ་ཞིག་ཡོད་པ་ལྟར་བློ་མཐུན་ཚོས་འགན་འཁྲི་བློ་ལ་བརྟན་པོ་ངེས་པ་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་མེས་རྒྱལ་དང་མི་དམངས་ལ་དེ་བས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱས་ནས་ལུས་རྩལ་གྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། ཀྲུང་གོའི་སྟོབས་ཤུགས་ཆེན་པོ་བསྣན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         མཇུག་ཏུ་ཞིས་ཅིན་ཕིང་གིས་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཁྲོད་མི་རྣམས་ཀྱིས་རྒྱུན་དུ་ཤོད་པའི་འབོད་ཚིག་སྟེ“ལུས་རྩལ་པ་ཚོ་ཤུགས་རྒྱོབ། ཀྲུང་གོའི་རུ་ཁག་ཤུགས་རྒྱོབ། ཀྲུང་གོ་ཤུགས་རྒྱོབ”ཅེས་བརྗོད་ནས་ཁོང་གི་གསུང་བཤད་མཇུག་འགྲིལ་བ་རེད།