མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་31པའི་ནང་ཞུགས་མཁན་ཀྲུང་གོའི་ལུས་རྩལ་གྱི་
འཐུས་མི་ཚོགས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་31པའི་ནང་ཞུགས་མཁན་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གློག་འཕྲིན་སྤྲིངས་ནས་རྟེན་འབྲེལ་ཞུས་པའི་ནང་དོན་ཆ་ཚང་གཤམ་གསལ།
         ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར།
         འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་31པའི་ཐོག་རང་རྒྱལ་གྱི་ལུས་རྩལ་པ་ཚོས་མེས་རྒྱལ་དང་མི་དམངས་ཀྱི་རེ་བ་ཟབ་མོ་བཅངས་ནས་དཀའ་སྤྱད་འབད་བརྩོན་དང་སྔོན་བརྩོན་སྙིང་རུས་བྱས་ནས་གསེར་གྱི་རྟགས་མ་26དང་། དངུལ་གྱི་རྟགས་མ་18 ཟངས་ཀྱི་རྟགས་མ་26གི་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ནས། ཕུལ་དུ་བྱུང་བའི་བློ་སྟོབས་སྙིང་བཅངས་དང་ཧུར་བསྐྱེད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་སྟབས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་བསྣན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།
         ལི་གཡོད་ཨོ་རྩལ་འགྲན་རར་རང་རྒྱལ་གྱི་ལུས་རྩལ་པ་རྣམས་ཀྱིས་ཨོ་ལིམ་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་ཆེས་ཆེར་སྤེལ་བ་དང་ཆབས་ཅིག་འཛམ་གླིང་རྒྱལ་ཁབ་དང་ས་ཕྱོགས་ཁག་གི་ལུས་རྩལ་པ་རྣམས་དང་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱས་ནས་མཛའ་མཐུན་ཡོང་བ་དང་རྒྱུས་མངའ་ཡོང་བ་བྱས་ཡོད། ཁྱེད་ཚོས་ཕ་རོལ་པོར་བརྩི་འཇོག་དང་། ཤན་འབྱེད་པར་བརྩི་འཇོག ལྟད་མོ་བར་བརྩི་འཇོག སྒྲིག་སྲོལ་ལ་སྲུང་བརྩི་ཞུས་ནས་བྱང་ཆུབ་པའི་ལུས་པོའི་རྩལ་དང་ཕུལ་དུ་བྱུང་བའི་འགྲན་རྩོད་ཀྱི་སྤྱོད་ཚུལ་བསྟན་ནས་འཛམ་གླིང་ལ་དེང་རབས་ཀྲུང་གོའི་དྲང་ནུས་སྟོབས་ཤུགས་དང་དེང་རབས་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད། ཁྱེད་ཚོའི་ཕུལ་དུ་བྱུང་བའི་གྲུབ་འབྲས་དང་ཆེར་བསྐྱེད་སྙིང་སྟོབས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་རྒྱལ་གཅེས་སེམས་པ་འཕེལ་བ་བྱས་་པ་དེས་མི་རིགས་ཀྱི་སྙིང་སྟོབས་བསྐྱེད་པ་དང་ཧུར་བསྐྱེད་ཀྱི་སྟོབས་ཤུགས་གོང་བུ་འགྲིལ་ཐུབ་པ་བྱུང་ཡོད།
         རླབས་ཆེན་གྱི་བྱ་གཞག་སྒྲུབ་པར་རླབས་ཆེན་གྱི་ཀྲུང་གོའི་སྙིང་སྟོབས་དགོས་ལ། རླབས་ཆེན་གྱི་རྒྱང་སྐྱོད་བྱེད་པར་རླབས་ཆེན་གྱི་ཀྲུང་གོའི་སྟོབས་ཤུགས་དགོས། དེས་ན་ཁྱེད་ཚོས་རང་རེའི་རྒྱལ་ཁབ་ཀྱི་ལུས་རྩལ་ལས་རིགས་ཀྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་ནས་ཡང་འབད་བསྐྱར་འབད་དང་། ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཞན་ཆ་ཁྱད་བསད་ཀྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་སྔར་ལས་ལྷག་པ་ཐོབ་རྒྱུར་གཞོལ་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལུས་རྩལ་འགྲན་བསྡུར་ནང་ཞུགས་པའི་སྤྲོ་སེམས་མུ་མཐུད་འཕེལ་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་གཏོང་བ་དང་། དམངས་ཡོངས་ལུས་སྦྱོང་དང་དམངས་ཡོངས་བདེ་ཐང་ཡོང་བ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་མ་གཏོང་བ། བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་མ་ཧུར་ཐག་གཏོང་བའི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལུས་རྩལ་བྱེད་སྒོ་ལས་བྱུང་བའི་བདེ་ཐང་དང་སྤྲོ་སྣང་མྱོང་རོལ་ཡོང་བའི་རེ་བ་ཡོད།
          ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཨོ་རྩལ་འགྲན་རར་རང་རྒྱལ་གྱི་ལུས་རྩལ་པ་རྣམས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་སྙིང་རུས་བྱས་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་དང་དེ་དར་སྤེལ་བཏང་ནས་རང་སོའི་ལས་གནས་ཐོག་ཡག་ཐོག་ཡག་བརྩེགས་དང་ཚད་བརྒལ་ཡོང་བ་བྱས་ནས་ཀུན་སེམས་གཅིག་སྒྲིལ་ངང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭའི་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུར་གཞོལ་དགོས།

                                                                                                               ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
                                                                                                               2016ལོའི་ཟླ་8ཚེས་22ཉིན།