མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་
པེ་ཅིང་གྲོང་ཁྱེར་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་30ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་
པེ་ཅིང་གྲོང་ཁྱེར་དུ་འཚོགས་པ།

         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྒྲིག་ཁྲིམས་ནན་པོ་བསྲུང་རྒྱུ་ནི་ཏང་ཡོངས་ཀྱི་འདོད་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་མཐུན་བཅས་ཀྱི་ངང་མདུན་དུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་གལ་ཆེན་ཞིག་རེད། ངེས་པར་དུ་ཏང་གི་སྒྲིག་ཁྲིམས་དྲང་ནན་བསྲུངས་ནས་སྒྲིག་ཁྲིམས་སྔོན་ལ་སྲུང་བ་དང་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་ནན་པོས་སྐྱོང་དགོས། སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་དང་། སྒྲིག་ཁྲིམས་སྲུང་རྒྱུའི་ཐད་དམིགས་བསལ་གྱི་དབང་ཆ་མེད་ལ། སྒྲིག་ཁྲིམས་ལག་བསྟར་ཐད་དམིགས་བསལ་གང་ཡང་མེད། ཏང་ནང་ཁུལ་དུ་སྒྲིག་ཁྲིམས་ཀྱི་ཚོད་འཛིན་མི་ཕོག་པའི་དམིགས་བསལ་རྩ་འཛུགས་དང་དམིགས་བསལ་ཏང་ཡོན་གཅིག་ཀྱང་རྩ་བ་ནས་གནས་མི་ཐུབ་པ་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། གཞུང་དྲང་གནོང་མེད། སྐད་ཆ་དྲང་པོ་ཤོད་པ། བྱ་བ་དངོས་སྒྲུབ་པ། མི་དྲང་པོ་བྱེད་པ། ཏང་ལ་གནས་ཚུལ་དྲང་པོ་དྲང་གཞག་ཞུ་བ། མགོ་གཉིས་མ་དང“ངོ་གཉིས་མར”ངོ་རྒོལ་བྱེད་པ། མི་བདེན་རྫུན་སྒྲིག་དང་རྫུན་བཟོ་གཡོ་ཟོལ་ལ་ངོ་རྒོལ་བྱེད་པ། གནས་ཚུལ་ངོ་མ་སྦས་གསང་ལ་ངོ་རྒོལ་དང་དགེ་མཚན་ལས་སྐྱོན་མི་ཞུ་བར་ངོ་རྒོལ་བཅས་བྱེད་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་རྒྱུ་མཚན་དང་མིང་གང་རུང་གི་ཐོག་ནས་འོག་རིམ་གྱི་སྐད་ཆ་རྫུས་མ་རྒྱ་ཡན་དུ་གཏོང་བ་དང་། ངན་སྐུལ་བྱེད་པ། གསང་བརྡ་གཏོང་བ་བཅས་བྱེད་མི་ཆོག་པའམ་ཡང་ན་བཙན་ཤེད་བྱེད་མི་ཆོག ཏང་ནང་ཁུལ་དུ་ཕར་འཐེན་ཚུར་འཐེན་དང་། མཁས་མཁས་སྙན་སྙན། ངོ་དགའ་སྤྲེལ་ལད་བཅས་བྱེད་མི་ཆོག འགོ་ཁྲིད་མི་སྣའི་དྲིལ་བསྒྲགས་དངོས་གནས་དྲང་གནས་ཡོང་བ་བྱས་ནས་ངོ་བསྟོད་བྱ་རྒྱུ་བཀག་འགོག་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྲུང་བའི་འགན་འཁྲི་ཁུར་ནས་སྒྲིག་ཁྲིམས་ལག་བསྟར་གྱི་ལྷུག་ལ་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་དང་བཅོས་སྒྲིག་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རང་རེའི་ཏང་ནི་མི་དམངས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་མེད་ན་ཏང་ལ་རྨང་གཞི་མེད་པར་འགྱུར་ངེས་ཡིན། དེར་བརྟེན་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་རུས་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་གཞི་རྩའི་བླང་བྱ་ཞིག་ཏུ་བརྩི་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ནས་མི་དམངས་ཀྱི་གཞུང་ཞབས་པ་ཡག་པོ་ཞིག་བྱེད་དགོས། སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་མདུན་དུ་རང་ཤེད་ཚ་པོ་དང་ཁེངས་རློམ་གཞན་བརྙས་གཏན་ནས་བྱེད་མི་རུང་བ་དང་། སྐུ་ངོ་ལྟ་བུའི་དཔོན་པོ་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྡུག་སྣང་མེད་དུ་འཇོག་པ་གཏན་ནས་བྱེད་མི་རུང་ལ་མང་ཚོགས་ལ་བརྙས་བཅོས་དང་མང་ཚོགས་ཀྱི་ཁེ་ཕན་ལ་བཙན་གནོད་དང་ཧམ་བཟུང་དེ་བས་ཀྱང་བྱེད་མི་རུང་། ངེས་པར་དུ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་དང་། གཞི་རིམ་དུ་ཟབ་སྐྱོད། མང་ཚོགས་ཁྲོད་ཟབ་སྐྱོད་བཅས་བྱེད་པ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ། འགལ་ཟླ་མངོན་གསལ་དོད་པ་བཅས་ཀྱི་ས་ཆར་མང་ཙམ་བསྐྱོད་ནས་གནད་དོན་ཐག་གཅོད་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། དམངས་ངལ་རྒྱུ་ཟད་ཀྱི“གཟུགས་བརྙན་འདུ་འགོད”དང“སྲིད་དོན་བྱས་རྗེས་འདུ་འགོད”ཀྱི་བྱེད་སྤྱོད་སྤེལ་མཁན་མཐའ་དག་ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱས་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ཏང་གི་གཞི་རྩའི་རྩ་འཛུགས་ཀྱི་རྩ་དོན་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་གཏན་བཞིན་སྤེལ་བའི་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། མཉམ་སྡེབ་ཀྱི་འགོ་ཁྲིད་ལམ་ལུགས་མཐའ་འཁྱོངས་དང་། མཉམ་སྡེབ་འགོ་ཁྲིད་དང་མི་སྒེར་ལས་བགོས་འགན་འཁུར་ཟུང་འབྲེལ་བྱ་རྒྱུ་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་དང་། རྩ་འཛུགས་དང་མི་སྒེར་གང་རུང་གིས་གནས་ཚུལ་གང་རུང་འོག་རྒྱུ་མཚན་གང་རུང་ལ་བརྟེན་ནས་ལམ་ལུགས་དེ་ལས་འགལ་མི་ཆོག རིམ་ཁག་ཏང་ཨུད་(ཏང་ཙུའུ)ཀྱིས་ངེས་པར་དུ་མཉམ་སྡེབ་འགོ་ཁྲིད་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་པ་དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ངེས་པར་དུ་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཏང་ཨུད་(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ངེས་པར་དུ་དམངས་གཙོ་དར་སྤེལ་དང་། གཅིག་སྡུད་མཁས་པོ། འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ངེས་པར་དུ་ཏང་རྩ་འཛུགས་ཀྱི་གཏན་འབེབས་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་ནང་ཁུལ་གྱི་དམངས་གཙོ་ནི་ཏང་གི་ཚེ་སྲོག་ལྟ་བུ་ཡིན་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དགེ་མཚན་ལྡན་ལ་སྐྱོན་བྲལ་ངང་སྤེལ་ཐུབ་པའི་རྨང་གཞི་གལ་ཆེན་ཞིག་ཡིན། ཏང་ནང་ཁུལ་གྱི་ཐབས་ཇུས་དང་། ལག་བསྟར། ལྟ་སྐུལ་སོགས་ཀྱི་ལས་དོན་ཐད་ངེས་པར་དུ་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ནང་གཏན་འཁེལ་བྱས་པའི་དམངས་གཙོའི་རྩ་དོན་དང་གོ་རིམ་ལག་ལེན་བསྟར་དགོས་པ་དང་། ཏང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཏང་ནང་ཁུལ་གྱི་དམངས་གཙོ་འགོག་གནོན་དང་ཏང་ནང་ཁུལ་གྱི་དམངས་གཙོར་གཏོར་བཤིག་གཏོང་མི་རུང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་དང་དེ་བཞིན་ཏང་གི་རིམ་ཁག་ཨུ་ཡོན་ལྷན་ཁང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱེད་སྐབས་ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་དགོས། ངེས་པར་དུ་ཏང་ཡོན་གྱི་གནས་བབ་གཙོ་བོར་བརྩི་འཇོག་དང་། ཏང་ཡོན་གྱི་དམངས་གཙོའི་དབང་ཆ་འགན་ལེན། ཏང་ཡོན་གྱི་གནས་ཚུལ་ཤེས་དབང་དང་། ཞུགས་དབང་། འདེམས་བསྐོའི་དབང་ཆ། ལྟ་སྐུལ་དབང་ཆ་དོན་འཁྱོལ། ཏང་ཡོན་ཡོངས་རྫོགས་ལ་འདྲ་མཉམ་ངང་ལྡན་པའི་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་དབང་ཆ་འགན་ལེན། ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་འོས་འགན་སྒྲུབ་པ། ཏང་ནང་ཁུལ་གྱི་དམངས་གཙོ་འདྲ་མཉམ་གྱི་བློ་མཐུན་གྱི་འབྲེལ་བ་མཐའ་འཁྱོངས་བྱེད་པ། ཏང་རྩ་འཛུགས་དང་ཏང་ཡོན་གང་རུང་གིས་ཏང་ཡོན་གྱི་དམངས་གཙོའི་དབང་ཆར་བཙན་གནོད་བཅས་བྱེད་མི་རུང་། ཏང་ཡོན་ཏང་ནང་ཁུལ་གྱི་བྱ་བར་གྲོས་བསྡུར་བྱེད་པའི་ནང་ཞུགས་པའི་ཏང་ཡོན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཏང་ཡོན་གྱིས་བསམ་འཆར་འདོན་པའི་ཐབས་ལམ་རྒྱ་ཆེར་བཏང་ནས་ཏང་ནང་ཁུལ་གྱི་དམངས་གཙོའི་གྲོས་བསྡུར་གྱི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཏང་ཡོན་གྱིས་ཏང་གི་འགན་ཁུར་ནས་ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་གི་སྒྲིག་འགལ་ཁྲིམས་འགལ་གྱི་དོན་དངོས་ཐེར་འདོན་ཉེས་ཞུ་བྱེད་དབང་ཡོད་པ་དང་མིང་ངོ་མའི་ཐོག་ནས་ཐེར་འདོན་བྱ་རྒྱུ་དར་སྤེལ་གཏོང་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མི་འདེམས་མི་སྤྱོད་ཀྱི་ཕྱོགས་སྟོན་ཡང་དག་མཐའ་འཁྱོངས་བྱེད་པ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བའི་རྩ་འཛུགས་ཀྱི་འགན་ལེན་ཞིག་རེད། ལས་བྱེད་པ་འདེམས་སྤྱོད་བྱེད་པར་ངེས་པར་དུ་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དད་སེམས་བརྟན་གཏོང་དང་། དམངས་ཆེད་ཞབས་ཞུ། སྲིད་བརྩོན་དངོས་སྒྲུབ། འགན་འཁྲི་ཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ངེས་པར་དུ་རང་རྟོགས་ངང་མི་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་དང་ཕྱོགས་ལྷུང་སྣ་ཚོགས་ལ་དོགས་ཟོན་དང་ཡོ་བསྲང་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་དར་ཆ་གསལ་སྟོན་གྱིས་འགན་འཁྲི་ཁུར་ཕོད་མཁན་ལས་བྱེད་པར་བརྒྱབ་ལངས་བྱེད་པ་དང་། དཔོན་གནས་ཞུ་སློང་དང་། དཔོན་གནས་ཉོ་ཚོང་། འདེམས་བསྐོ་རྔན་བསླུས་སོགས་ཀྱི་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་དང་། ཏང་ལ་གོ་གནས་དང་། མཚན་སྙན། ཐོབ་ཐང་བཅས་སློང་བའི་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག ཏང་རྩ་འཛུགས་ལ་གོང་སྒྲིག་པ་དང་ཏང་རྩ་འཛུགས་ཀྱི་གཏན་འབེབས་དང་ལེན་མི་བྱེད་པའི་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བཅས་བྱེད་དགོས། མི་སུ་འདྲ་ཞིག་གིས་ཀྱང་ཏང་གི་ལས་བྱེད་པ་སྒེར་གྱི་རྒྱུ་ནོར་ལ་བརྩི་མི་རུང་བ་དང་ཏང་ནང་ཁུལ་དུ་མི་ལུས་གཞན་རྟེན་གྱི་འབྲེལ་བ་འཛུགས་མི་རུང་། ཏང་ནང་ཁུལ་གྱི་བློ་མཐུན་དབར་གྱི་འབྲེལ་བ་ཚད་ལྡན་དང་དྭངས་གཙང་ཡིན་དགོས་པ་དང་། འགོ་ཁྲིད་ལས་བྱེད་པས་ཏང་ཡོན་ལ་གདོང་བརྡ་སྟོན་མི་རུང་བ་དང་ཏང་ཡོན་གྱིས་འགོ་ཁྲིད་ལས་བྱེད་པར་ངོ་དགའ་སྤྲེལ་ལད་བྱེད་མི་རུང་། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་བཟོས་ཏེ་ལས་བྱེད་པས་ལས་ཀ་དང་ལྷག་དོན་དུ་སྒྱུར་བཅོས་གསར་གཏོད་ཁྲོད་ལྷག་པའི་ནོར་འཁྲུལ་ལ་ཁོང་ཡངས་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་རྩ་འཛུགས་འཚོ་བ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ནང་དོན་དང་གཞི་རྟེན་གལ་ཆེན་ཞིག་རེད་ལ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ཁག་ངེས་པར་དུ་མཐའ་འཁྱོངས་བྱས་ནས་བྱ་ཐབས་གསར་གཏོད་བྱེད་པ་དང་ཏང་གི་རྩ་འཛུགས་འཚོ་བའི་གསོན་ཤུགས་འཕེལ་བ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ་ཡོངས་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་ཏང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་རྟག་ཏུ་རང་ཉིད་ཏང་ཡོན་ཡིན་པ་བློ་ལ་ངེས་དགོས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་ལམ་ལུགས་མཐའ་འཁྱོངས་བྱེད་པ། སྙིང་གཏམ་དང་སྐད་ཆ་ཤོད་རེས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཏང་ཡོན་ལ་དམངས་གཙོའི་དཔྱད་བསྡུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རྩ་འཛུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དང་མི་སྒེར་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་ངེས་པར་དུ་གཏན་འབེབས་དང་གོ་རིམ་གཞིར་བཟུང་རྩ་འཛུགས་ལ་སྙན་ཞུ་འབུལ་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནི་རང་རེའི་ཏང་སྟོབས་ལྡན་སྐྱོན་བྲལ་ཡོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་བཟོ་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་མཚོན་ཆ་དེ་ཡག་པོ་སྤྱོད་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པར་ངེས་པར་དུ་དངོས་ཐོག་བདེན་འཚོལ་གྱིས་ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་སྒེར་གྱི་འབྲེལ་བར་སྣང་ཆེན་མི་བྱེད་པ་དང་། བདེན་དོན་ལ་སྣང་ཆེན་བྱེད་པ་ལས་ངོ་སོར་སྣང་ཆེན་བྱེད་མི་རུང་། ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་རང་བཤེར་ནན་པོ་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་དག་ཐེར་ནན་པོ་བྱེད་དགོས། ཏང་གི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་བསམ་འཆར་མི་འདྲ་བ་ཚང་མ་ངེས་པར་དུ་ཉན་དགོས་པ་དང་། འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་སྣེ་འཁྲིད་ནས་གཞན་གྱི་སྐྱོན་བརྗོད་དང་བསམ་འཆར་དང་ལེན་བྱེད་པ་དང་ཤོད་ཕོད་པ་བྱེད་དགོས།

【1】  【2】  【3】