མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་དང་ལྷན་དུ་ཀྲུང་ཨེའི་མཉམ་ལས་རྣམ་གྲངས་ཀྱི་སྒོ་
བྱང་ཕྱེ་བའི་མཛད་སྒོ་དང་བརྙན་ལམ་འབྲེལ་མཐུད་བྱེད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཁེ་ཐོར་དུ་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ཁོ་ལེ་ཡཱ་དང་ལྷན་དུ་ཀྲུང་གོས་སྐྲུན་རོགས་བྱས་པའི་ཨེ་ཁྭ་ཏོར་གྱི་སྤྱི་པའི་བདེ་འཇགས་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ཀྱི་མཉམ་འབྲེལ་ཚོད་ལྟ་ཁང་གི་སྒོ་བྱང་ཕྱེ་བའི་མཛད་སྒོ་དང་། ཆའོ་ནེ་སྨན་ཁང་གི་རྩིག་རྨང་འདིང་བ་དང་ཁོའོ་ཁ་ཁོའེ་ཏོ་——ཤིན་ཁེ་ལེ་ཆུ་ཤུགས་གློག་ཁང་ཨར་ལས་ལེགས་གྲུབ་ཟིན་ནས་གློག་གཏོང་བའི་བརྙན་ལམ་འབྲེལ་མཐུད་བྱེད་སྒོར་ཞུགས་པ་རེད།
         ཞིས་ཅིན་ཕིང་སྤྱི་པའི་བདེ་འཇགས་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སུ་ཕེབས་འབྱོར་ཟིན་སྐབས་ཁོའོ་ལེ་ཡཱ་ཡིས་སྒོ་ཁར་ཕེབས་བསུ་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོས་ཨེ་ཁྭ་ཏོར་ལ་གེགས་འགོག་གེགས་སེལ་བྱེད་རོགས་བྱས་པའི་པར་རིས་འགྲེམས་སྟོན་ལ་ལྷན་དུ་ལྟ་སྐོར་གནང་བ་དང་འབྲེལ་ཨེ་ཁྭ་ཏོར་གྱི་སྤྱི་པའི་བདེ་འཇགས་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ཀྱི་མཉམ་འབྲེལ་ཚོད་ལྟ་ཁང་གི་སྒོ་བྱང་ཕྱེ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཆའོ་ནེ་སྨན་ཁང་དང་ཤིན་ཁེ་ལེའི་ཆུ་ཤུགས་གློག་ཁང་ངོ་སྤྲོད་ཀྱི་བརྙན་ལམ་གཟིགས་པ་དང་འབྲེལ་རྣམ་གྲངས་འཛུགས་སྐྲུན་བྱེད་སའི་མི་སྣ་དང་ཁ་པར་ཐོག་སྤེལ་རེས་གནང་བ་རེད། ཆའོ་ནེ་སྨན་ཁང་སྐྲུན་སར་ཀྲུང་གོའི་འགན་འཁུར་བས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ལ་སྨན་ཁང་གི་ལས་གྲྭ་དངོས་སུ་འགོ་ཚུགས་པའི་སྙན་སེང་ཞུས་པ་དང་། ཤིན་ཁེ་ལེའི་ཆུ་ཤུགས་གློག་ཁང་ས་ཚིགས་སུ་ཆེད་མངགས་ས་གནས་ས་ཐོག་ཏུ་ཕེབས་པའི་ཨེ་ཁྭ་ཏོར་གྱི་ཙུང་ཐུང་གཞོན་པ་ཀེ་ལ་སིས་རྣམ་གྲངས་ལེགས་གྲུབ་ཟིན་ཚུལ་ངོ་སྤྲོད་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་གཅུས་སྒོ་མནན་པས་ཤིན་ཁེ་ལེའི་ཆུ་ཤུགས་གློག་ཁང་དངོས་སུ་ལས་མཇུག་འགྲིལ་ནས་དངོས་སུ་གློག་གཏོང་འགོ་ཚུགས་པ་རེད།
         ཞིས་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས། ཀྲུང་ཨེའི་མཛའ་གྲོགས་ཡུན་ནས་ཡུན་དུ་གནས་པ་དང་། ད་ཕན་ལོ་ཤས་རིང་། ཕྱོགས་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དང་འབྲེལ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་མ་ཐག་ཡིན། རྒྱལ་ཁབ་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་ཐུབ་པ་དེ་ནི་ཕྱོགས་གཉིས་པོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་ཡོད་པ་དང་། ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་གསལ་པོ་རྟོགས་པ་ལས་བྱུང་ཡོད། དེང་སྐབས་ཀྲུང་གོ་དང་ཨེ་ཁྭ་ཏོར་དབར་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་གཏིང་ཟབ་བྱེད་པའི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུང་གོས་ཨེ་ཁྭ་ཏོར་ཕྱོགས་དང་མཉམ་ལས་གཏིང་ཟབ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་བཏང་སྟེ་ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་ཞིག་རྩོམ་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་སྤྱི་པའི་བདེ་འཇགས་འཕྲལ་སྡོམ་བཀོད་འདོམས་མ་ལག་རིམ་སྤོར་དང་། ཆའོ་སྣེ་སྨན་ཁང་བསྐྱར་སྐྲུན། ཤིན་ཁེ་ལེའི་ཆུ་ཤུགས་གློག་ཁང་སྐྲུན་ཟིན་པ་བཅས་ཀྱིས་ཨེ་ཁྭ་ཏོར་གྱི་གེགས་འགོག་གེགས་སེལ་ནུས་པ་དང་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་འགྲོ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
         ཁོའོ་ལེ་ཡཱ་ཡིས་འདི་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་གཅིག་རེད། དེ་རིང་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ལྷན་དུ་ཨེ་ཁྭ་ཏོར་གྱི་ལོ་རྒྱུས་ཐོག་གི་ལས་གྲྭའི་རྣམ་གྲངས་ཆེ་ཤོས་དང་ཀྲུང་ཨེའི་རླབས་ཆེན་མཉམ་ལས་ཀྱི་གྲུབ་འབྲས་བདེན་དཔང་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། ང་ཚོ་ཕྱོགས་གཉིས་པོས་མཉམ་ལས་བྱས་པ་དེས་ཨེ་ཁྭ་ཏོར་གྱི་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་གོང་མཐོར་འགྲོ་བར་རོགས་རམ་ཐུབ་པ་དང་། ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ། སྤྱི་པའི་བདེ་འཇགས་ཞབས་ཞུ་ལེགས་སུ་ཕྱིན་པ་བཅས་ཡིན་པས་དེ་དག་ཚང་མས་ཨེ་ཁྭ་ཏོར་གྱི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད་ཅེས་གསུངས་པ་རེད།