མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ལི་མར་ཕེབས་འབྱོར་ཟིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ལི་མར་ཕེབས་འབྱོར་ཟིན་པ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ལི་མར་ཕེབས་འབྱོར་ཟིན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པ་དང་འབྲེལ་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད།
         དགོང་མོའི་ཆུ་ཚོད་6དང་སྐར་མ་20ཐོག་ཞིས་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ལི་མའི་མཁའ་དམག་རྟེན་གཞིར་བབས་པ་རེད། ཞིས་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་རྣམ་གཉིས་ལ་ཕེ་རུའི་ཙུང་ཐུང་གཞོན་པ་ཨ་ལའོ་སི་སོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཅིང་། ས་གདན་དམར་པོའི་གཡས་གཡོན་དུ་གུས་དམག་རུ་སྒྲིག་ནས་བསྡད་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་ཕེ་རུ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་ཤིང་། ཞིས་ཅིན་ཕིང་གིས་ཕེ་རུ་ནི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས་ཡུན་རིང་གི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་ལྡན་ཡོད། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྲོལ་རྒྱུན་གྱི་མཛའ་མཐུན་ཟབ་མོ་ལྡན་ཡོད། ཕན་ཚུན་འབྲེལ་བ་བཙུགས་ནས་ལོ་45སོང་རིང་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གཉིས་ཕན་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡག་པོ་ཡོང་བར་སྐུལ་མ་བཏང་ཡོད། མིག་སྔར་ཀྲུང་གོ་དང་ཕེ་རུའི་དབར་གྱི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་ནས་མཉམ་ལས་ཀྱི་མདུན་ལམ་ཡག་པོ་ཡོད་པ་རེད། ང་ད་རེས་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་མཛའ་མཐུན་ཟབ་ཏུ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་བ། མཉམ་ལས་ཟབ་ཏུ་གཏོང་བ། འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱ་ཆེད་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་ནས་ཨེ་ཤེ་ཡ་དང་ཞི་བདེ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བཞི་པ་འཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ངས་ཕེ་རུའི་འགོ་ཁྲིད་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཆེན་པོའི་ཐད་བསམ་འཆར་སྤེལ་རེས་བྱ་རྒྱུ་རེ་སྒུག་བྱེད་བཞིན་ཡོད། ད་རེས་ཀྱི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་ཕེབས་རོགས་ཞུ་མཁན་ཡང་གནམ་གྲུ་གཅིག་ནང་དུས་གཅིག་ཏུ་ཕེབས་འབྱོར་ཟིན་ཡོད་པ་རེད།
          ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་མཁན་སྔོན་དུ་འབྱོར་ཟིན་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འགོ་འཛིན་ལེའང་ཀྲེན་དབྱིན་དང་ཕེ་རུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅ་ཀུའེ་ཏེ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
         ཞིས་ཅིན་ཕིང་ནི་ཨེ་ཁྭ་ཏོར་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་ཕེ་རུར་ཕེབས་འབྱོར་ཟིན་པ་ཞིག་རེད། ཨེ་ཁྭ་ཏོར་ནས་ཞལ་མ་གྱེས་གོང་ཞིས་ཅིན་ཕིང་ཨེ་ཁྭ་ཏོ་རའི་ཙུང་ཐུང་ཁོ་ལུའེ་ཡས་གནམ་ཐང་དུ་གཉེར་བའི་ཕེབས་སྐྱེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྐས་འཛེག་མདུན་དུ་བྱམས་བརྩེའི་བཀའ་མོལ་གནང་ནས་ཞལ་གྱེས་གནང་བ་རེད། གུས་དམག་ས་གདན་དམར་པོའི་གཡས་གཡོན་དུ་རུ་སྒྲིག་ནས་བསྡད་ཡོད་པ་རེད།
          ཕེ་རུ་ནི་ཞིས་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པའི་ས་ཚིགས་གཉིས་པ་དེ་རེད། ཞིས་ཅིན་ཕིང་གིས་ད་དུང་ཀྲི་ལིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།