མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་ན་རྒས་བྱ་གཞག་འཕེལ་རྒྱས་དང་རྒན་གསོའི་
མ་ལག་འཛུགས་སྐྲུན་འཆར་གཞིའི་》དམིགས་ཚད་ལས་འགན་གཏན་འཁེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་གསར་འགོད་པས་རྒྱལ་ཡོངས་ན་རྒས་གཞུང་དོན་ཁང་དང་། དམངས་སྲིད་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་སོགས་པུའུ་ཨུད་ལྔ་ཡིས་མཉམ་དུ་འཚོགས་པའི་《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་ན་རྒས་བྱ་གཞག་འཕེལ་རྒྱས་དང་རྒན་གསོའི་མ་ལག་འཛུགས་སྐྲུན་འཆར་གཞིའི་》གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 《འཆར་འགོད་》དེ“ཕྱུག་པོ་མ་ཆགས་གོང་རྒས་འགྲོ་བའི”རང་རྒྱལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བླང་བྱར་དམིགས་ནས་ཕྱོགས་བཞིའི་ཐད་ཀྱི་དམིགས་ཚད་བཏོན་པ་དང་འབྲེལ་འོས་འཚམ་གྱི་ཞིབ་ཕྲའི་དམིགས་ཚད་12བཏོན་ཡོད། དམིགས་ཚད་དེ་དག་མངོན་འགྱུར་བྱ་རྒྱུར་དམིགས་ཏེ་《འཆར་འགོད་》ནང་ཕྱོགས་བརྒྱད་ཀྱི་ལས་འགན་གཙོ་བོ་བཏོན་ཡོད།
             དམངས་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་ཚོགས་འདུའི་ཐོག་ཕྱོགས་མང་སྐུལ་ལྕག་གི་རོགས་སྐྱོར་ལས་དོན་སྤེལ་བར་བརྟེན་རྒན་གསོའི་ཞབས་ཞུའི་བྱ་གཞག་དེ་སྤྱི་ཚོགས་ཀྱིས་མ་དངུལ་གཏོང་མང་བའི་གནས་སུ་གྱུར་ཡོད་ཅེས་གསུངས་ཤིང་། མིག་སྔར་དམངས་གཉེར་རྒན་གསོའི་སྒྲིག་གཞི་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་རྒན་གསོའི་སྒྲིག་གཞིའི་བསྡོམས་འབོར་གྱི་40%བཟུང་ཡོད་པ་དང་ཞིང་ཆེན་མང་པོ་ཞིག་ཏུ་50%ལྷག་ཙམ་ཟིན་ཏེ་རྒན་གསོའི་ཞབས་ཞུའི་བྱ་གཞག་དེ་སྤྱི་ཚོགས་ཀྱིས་མ་དངུལ་གཏོང་མང་ཤོས་ཀྱི་གནས་སུ་གྱུར་བཞིན་ཡོད། “སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི”མཛུབ་ཁྲིད་བསམ་བློ་གཞིར་བཟུང་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ནང་ཞུགས་རྒྱུའི་བྱེད་ཐབས་དེ་འཕེལ་རྒྱས་འཆར་འགོད་དང་། སྒྱུར་བཅོས་ཚོད་ལྟ། ས་གནས་ཀྱི་ལྕག་འདེབས། ཞབས་ཞུའི་སྤུས་ཚད་མཐོར་གཏོང་སོགས་ཀྱི་ལས་དོན་ནང་བཞག་སྟེ་ཕྱོགས་ཡོངས་ནས་སྐུལ་ལྕག་གཏོང་རྒྱུ་རེད།
            མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་མགྱོགས་སུ་བཏང་ནས་མི་འབོར་ན་རྒས་ཅན་དུ་འགྱུར་བའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ་ཡིན་ཞེས་གསུངས་ཤིང་། རྒན་གསོ་འགན་བཅོལ་གྱི་ཐོག་ནས་བལྟས་ན། རྒན་གསོ་འགན་བཅོལ་གྱི་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་བཅོལ་ནང་ཞུགས་པའི་གྲོན་བསྡུའི་སྐུལ་ལྕག་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་ཐབས་མང་པོ་མཉམ་སྤྱོད། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བཅས་བྱས་ཏེ་ཐེབས་རྩ་ཡུན་རིང་དོ་སྙོམས་ཡོང་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་ལས་བྱུང་བའི་ཕན་འབྲས་ལ་དམ་འཛིན་བྱས་ཏེ་དམངས་ཡོངས་འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་འཆར་གཞི་ལག་བསྟར་དང་བསྡུ་འཇལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་འགན་བཅོལ་ནང་འཇུག་དགོས་རིགས་ཚང་མ་འགན་བཅོལ་ནང་འཇུག་པ་དང་དངུལ་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ་བྱ་རྒྱུ། སྨན་བཅོས་འགན་བཅོལ་ཐོག་ནས་བལྟས་ན། མི་འབོར་ན་རྒས་ཅན་དུ་འགྱུར་བའི་རྐྱེན་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཁུར་པོ་ལྕི་རུ་ཕྱིན་པའི་དོན་དངོས་གནས་ཚུལ་ལ་དམིགས་ཏེ་བརྟན་ལ་རྒྱུན་མཐུད་ཀྱི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་དང་རྩིས་ཞུའི་བསྡུར་ཚད་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་གཞུང་དང་། སྤྱི་ཚོགས། མི་སྒེར་བཅས་ཀྱི་འགན་འཁྲི་གསལ་པོ་བཟོས་ནས་ཐེབས་རྩ་འཁོར་སྐྱོད་ཀྱི་ཉེན་ཁར་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་བཅས་རེད།
              རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་སྐྱོན་བྲལ་གྱི་ན་རྒས་ཅན་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ་རྒན་རྒོན་ཚོར་སྐྱིད་སྣང་དོད་པ་དང་། ཕྱོགས་བསྡུས། རྒྱུན་མཐུད་བཅས་ཀྱི་བསྡུ་སྒྲིལ་རྣམ་པའི་བདེ་ཐང་ཞབས་ཞུ་མཁོ་འདོན་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་ཤིང་། རང་རྒྱལ་གྱི་རྒན་རྒོན་ལ་གཅོང་ནད་ཕོག་ཚད་མཐོ་བ་དང་དྲན་ཤེས་ཉམས་པའི་རྒན་རྒོན་མང་པོ་ཡོད་པའི་ནང་གཅོང་ནད་ཕོག་པའི་རྒན་རྒོན་དུང་ཕྱུར་1.5ཡོད་པ་དང་དྲན་ཤེས་ཉམས་པའི་རྒན་རྒོན་ཁྲི་4000ཙམ་ཡོད་པ་མ་ཟད། རྒན་རྒོན་གྱི་སྨན་བཅོས་འཕྲོད་སྦྱོར་དང་དྲག་སྐྱེད་ནད་སྐྱོང་སོགས་ཀྱི་ཞབས་ཞུའི་དགོས་མཁོ་ཉིན་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།