མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིང་ཆེན་ཡོངས་སུ་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་མི་སྤྱི་པུའུ་ཡིས་བརྡ་ཐོ་བཏང་སྟེ་2017ལོར་ཞིང་ཆེན་ཡོངས་སུ་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། ལོ་མཇུག་གོང་ཁོངས་གཏོགས་ཁུལ་ནང་གི་དམིགས་ཚད་ནང་ཚུད་པའི་མི་ཚོགས་ཚང་མའི་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱེད་པ། འགན་བཅོལ་ནང་ཞུགས་པའི་ཐོ་འགོད་གྲངས་གཞིའི་ཞིང་ཆེན་རིམ་པའི་གཅིག་སྡུད་དོ་དམ་སྤྱིར་ན་མངོན་འགྱུར་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་རིམ་པའི་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ཆ་འཕྲིན་མཛོད་འཛུགས་རྒྱུ་དང་ཞིང་ཆེན་ཁག་གི་ཐོ་འགོད་གྲངས་གཞིའི་དྲ་སྦྲེལ་མཛོད་འཇུག་གི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བཏོན་ཡོད།
             དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ནི་དམངས་ཡོངས་འགན་བཅོལ་ནང་ཞུགས་རྒྱུ་ལག་བསྟར་བྱེད་པའི་སྔོན་འགྲོ་དང་རྨང་གཞི་ཡིན་པ་དང་2014ལོར་ཚོད་ལྟ་བྱེད་འགོ་བཙུགས་ཡོད། མི་སྤྱི་པུའུ་ཡིས་ས་གནས་ཁག་ལ་ཐོ་འགོད་ཆ་འཕྲིན་མཛོད་མགྱོགས་མྱུར་བསྐྲུན་པ་དང་ཕྱི་ནང་གི་ཆ་འཕྲིན་ཞིབ་བསྡུར་དང་། རྨང་གཞིའི་གྲངས་གཞི་འཚོལ་བསྡུ། དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་སོགས་ཐབས་ལམ་བརྒྱུད་ཐོ་འགོད་གྲངས་གཞི“རྦད་དེ་མཛོད་ནང་འཇུག་པའི”ལས་དོན་ལེགས་སྒྲུབ་བྱེད་དགོས་ཁར“འགན་བཅོལ་ལྔ་སྒྲིལ”གྱི་ལས་སྒོའི་ཆ་འཕྲིན་མ་ལག་གཏོད་རྒྱུ་དང་ཞིང་ཆེན་རིམ་པའི་གྲངས་གཞི་གཅིག་སྡུད་ཆེ་མོ་སོགས་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཐོ་འགོད་གྲངས་གཞིའི་ཞིང་ཆེན་རིམ་པའི་གཅིག་སྡུད་དོ་དམ་མགྱོགས་མྱུར་མངོན་འགྱུར་བྱེད་དགོས། ཞིང་ཆེན་རིམ་པའི་ཆ་འཕྲིན་མཛོད་བཙུགས་པའི་ས་ཁུལ་དུ་རྒྱལ་ཁབ་མཛོད་དང་སྦྲེལ་མཐུད་དང་མཛོད་འཇུག་ལས་དོན་མགྱོགས་མྱུར་སྤེལ་ཏེ་ཞིང་ཆེན་ལས་བརྒལ་བའི་ཆ་འཕྲིན་ཞིབ་བསྡུར་མངོན་འགྱུར་བྱེད་དགོས། གྲངས་གཞིའི་འགུལ་རྣམ་དོ་དམ་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ལས་སྒོའི་ཐོན་སྐྱེད་མཛོད་ཀྱི་གྲངས་གཞི་དང་དུས་རྟག་ཏུ་སྦྲེལ་མཐུད་བྱེད་པ་དང་སྡེ་ཚན་དབར་གྱི་ཆ་འཕྲིན་དུས་བཀག་ཞིབ་བསྡུར་མཉམ་རོལ་ལམ་སྲོལ་བཙུགས་ཁར་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་པ་བརྒྱུད་མཛོད་ནང་བཅུག་མེད་པའི་མི་སྣའི་གཞི་རྩའི་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་དང་འཚོལ་བསྡུ་བྱེད་དགོས། དམིགས་ཚད་དང་ལས་འགན་ཁག་རགས་ཙམ་ལེགས་སྒྲུབ་བྱས་པའི་ས་ཁུལ་གྱིས་གྲངས་གཞི་ཆེ་མོའི་དབྱེ་ཞིབ་ལས་སྟེགས་དང་དུས་བཀག་དབྱེ་ཞིབ་སྙན་ཞུའི་ལམ་ལུགས་བཙུགས་ནས་གནད་སྨིན་ངང་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཐོ་འགོད་འབྲས་བུ་དབྱེ་ཞིབ་ཉེར་སྤྱོད་དང་གཞན་སྒྱུར་ལས་དོན་སྤེལ་ནས་སྤྱི་ཁོག་ཐབས་ཇུས་དང་། གནད་སྨིན་དོ་དམ། འགུལ་རྣམ་དཔྱད་དཔོག་སོགས་ལ་འདེགས་སྐྱོར་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
              དེ་དང་ཆབས་ཅིག་མི་སྤྱི་པུའུ་ཡིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ཆ་འཕྲིན་མཛོད་དེ་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་ཡིག་ཚགས་ཐོ་འགོད་མི་སྣའི་ཆ་འཕྲིན་མཛོད་དང་སྤྱི་ཚོགས་འགན་བཅོལ་གྱི་གཱ་ཡོད་མཁན་མཛོད་དང་སྦྲེལ་མཐུད་ཡག་པོ་བྱས་ནས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་དྲ་སྦྲེལ་མཇུག་རྩིས་དང་སྤྱི་ཚོགས་འགན་བཅོལ་གཱ་སྤྲོད་པ་སོགས་ལས་དོན་དང་མཉམ་སྒྲུབ་ཡག་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།