མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཧུང་སེན་ཀྲུང་གོར་དངོས་སུ་འཚམས་འདྲིར་ཕེབས་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་དགའ་བསུ་ཞུས་གནང་ཞིང་། ཁོང་གིས་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་རྩ་བསྐྲུན་ནས་ས་ཁུལ་ཞི་བདེ་དར་རྒྱས་ཡོང་རྒྱུར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སང་ལོ་ནི་ཀྲུང་ཁམ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་རེད། ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་དྲན་གསོ་ཞུ་རྒྱུ་གོ་སྐབས་སུ་བརྩིས་ནས་ཀྲུང་ཁམ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་བརྟན་པོ་དང་ཡུན་རིང་དང་དེ་བས་ཡག་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་མཐོ་རིམ་འབྲེལ་གཏུག་གིས་ཕྱོགས་གཉིས་པོའི་འབྲེལ་བར་སྣེ་འདྲེན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས། དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་མཉམ་ལས་ཀྱི་འཆར་འགོད་རྩ་གནད་ལ་སྐུལ་འདེད་གཏོང་རྒྱུ་དོན་འཁྱོལ་ཡག་པོ་བྱས་ཏེ་ཐོན་ནུས་དང་མ་འཇོག་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱེད་དགོས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཞི་ཁྱོན་དང་ཆུ་ཚད་མཐོ་རུ་བཏང་སྟེ་འབྲེལ་ཡོད་མཉམ་ལས་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱེད་དགོས། ཁྲིམས་འཛིན་བདེ་འཇགས་དང་། འཇིགས་རྒོལ། དྲ་རྒྱའི་ཐོག་གི་ཉེས་གསོག་ལ་རྡུང་རྡེག་དང་དེ་བཞིན་རྒྱལ་ཁོངས་ཕྱིར་བྲོས་འདེད་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་དང་། རིག་གནས། སློབ་གསོ། གཞོན་ནུ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་ཁམ་ཕུ་ཁྲེའི་ནུས་པ་འདོན་སྤེལ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཁམ་ཕུ་ཁྲེ་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཀྲུའུ་ཞིའི་རྒྱལ་ཁབ་བྱ་རྒྱུར་ཡང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
         ཧུང་སེན་གྱིས་ཁམ་ཕུ་ཁྲེས་ཤི་ཧ་ནུའུ་ཁེ་གོང་མས་གཏན་འཁེལ་གནང་བའི་ཀྲུང་གོའི་དབར་གྱི་མཛའ་གྲོགས་སྲིད་ཇུས་བློ་ཐག་ཆོད་པོས་ལག་ལེན་བསྟར་རྒྱུ་དང་། ཀྲུང་གོས་དུས་ཡུན་རིང་པོའི་ནང་སྲ་ཞིང་བརྟན་པའི་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་གྲོགས་བརྟན་དུ་བཏང་ནས་ཁམ་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་སྤེལ་གཏོང་འདོད་ཡོད་ཅེས་གསུངས།